༄༅། །མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རིག་གནས་འཛུགས་སྐྲུན་ཐད་ཀྱི་བསམ་བློ་རགས་བརྗོད་བླང་དོར་གསལ་བའི་མེ་ལོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


དང་པོ།  རིག་གནས་འཛུགས་སྐྲུན་ཞེས་པའི་ཐ་སྙད་ཀྱི་ངོས་འཛིན།

     སྲོལ་རྒྱུན་གྱི་སྣང་ངོར་རིག་གནས་ཞེས་པ་ནི་སྤྱིར་བཏང་དུ་རིག་པར་བྱ་བའི་གནས་སམ་ཤེས་པར་བྱ་བའི་གནས་ཏེ།   བློའི་ཡུལ་དུ་བྱ་རུང་བ་ལ་གོ་བ་དང་།  བཅུ་ཕྲག་རིག་པའི་གནས་ལ་གོ་བ་དང་།   ནང་དོན་རིག་པ་ཕུད་པའི་རིག་པ་གཞན་བཞི་ལ་གོ་བཅས་ལུགས་གསུམ་དུ་མཆིས་མོད།  དེང་རབས་ཀྱི་འདུ་ཤེས་ངོས་ན་བརྗོད་ཚེ་རིག་གནས་ནི་སྒྲ་དོན་དོག་འཇུག་གི་གོ་བ་སྟེ།   ཚན་རིག་དང་ལག་རྩལ།   རྩོམ་རིག་དང་སྒྱུ་རྩལ།    ཆོས་ལུགས་དང་ཀུན་སྤྱོད།  བཅའ་ཁྲིམས་དང་ཆ་ལུགས་གོམས་སྲོལ་སོགས་ལ་འཇུག་པ་དང་།  སྒྲ་དོན་ཡངས་འཇུག་གི་གོ་བའི་ལུགས་ནི།   མིའི་རིགས་ཀྱིས་སྤྱི་ཚོགས་ལག་ལེན་ཁྲོད་དུ་གསར་གཏོད་བྱས་པའི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ཀྱི་སྡོམ་ཚིག་ཏུ་བཞེད་པའོ།།   སྤྱིར་སྒྲ་དོན་དོག་ཡངས་ཀྱི་སྒོ་ནས་རིག་གནས་བཀྲལ་བའི་ལུགས་འདི་ནི་ད་བར་ཅུང་གྲགས་ཆེ་བའི་རིག་གནས་ཀྱི་ངོས་འཛིན་ཐབས་ཤིག་ཡིན་པ་ལས།   ཞིབ་འཇུག་གི་ལངས་ཕྱོགས་དང་ཁ་གཏད་ཕྱོགས་མི་འདྲ་བའི་དབང་གིས་རིག་ཚན་སོ་སོ་ནས་རིག་གནས་ལ་བཞག་པའི་གོ་དོན་མི་འདྲ་བ་བཞི་བརྒྱ་ཉེ་བ་ཙམ་ཞིག་ཡོད་ཅེས་འབྲེལ་ཡོད་མཁས་པས་བརྗོད་དོ།།   དེ་ལྟར་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཀྱི་གོ་དོན་ནི་སྒྲ་དོན་ཡངས་འཇུག་ཏུ་གདའ་ལ།   བཅུ་ཕྲག་རིག་གནས་སུ་གོ་བ་ནི་སྒྲ་དོན་དོག་འཇུག་ཏུ་གཏོགས་པས་བོད་རང་གི་ཁྱད་ཆོས་དང་ལྡན་པ་ཡིན་ལ།   སྒྲ་ཡངས་འཇུག་གི་རིག་གནས་ཏེ་རིག་གནས་ཆེ་བ་དང་སྒྲ་དོག་འཇུག་གི་རིག་གནས་ཏེ་ཆུང་བ་གཉིས་ནི།   སྤྱི་དང་བྱེ་བྲག་ལྟར་དུ་གྲུབ་པས་ན་གཅིག་ལ་གཅིག་རྟེན་ཚུལ་དུ་ཁ་འབྲལ་ཐབས་མེད་སྟབས།  སྐབས་དོན་འདིར་རིག་གནས་འཛུགས་སྐྲུན་ཞེས་པའི་རིག་གནས་ནི་སྒྲ་ཡངས་འཇུག་གི་རིག་གནས་ཀྱི་གོ་བར་གཞིར་བཟུང་སྟེ།   སྒྲ་དོག་འཇུག་གི་ཁྱབ་ཁོངས་དང་ཁྱད་པར་དུ་བཅུ་ཕྲག་རིག་པའི་གནས་ལ་འཇུག་པའི་ཚུལ་གྱིས་དཔྱད་པར་བྱ་སྙམ་མོ།།

  རིག་གནས་འཛུགས་སྐྲུན་ཞེས་པའི་འཛུགས་སྐྲུན་ནི།  བོད་སྲོལ་རྒྱུན་གྱི་ཐ་སྙད་ཅིག་མིན་ཏེ་བཅིངས་གྲོལ་བྱས་ཕྱིན་དུ་བྱུང་བའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན།   མ་གཞི་དེ་ནི་གསར་བ་འཛུགས་པའམ་གསར་བ་ཁ་སྣོན་དུ་གོ་སྟེ།   དཔལ་འབྱོར་འཛུགས་སྐྲུན།   ཁྱིམ་གཞིས་འཛུགས་སྐྲུན་ལྟ་བུའོ།།   གསར་འཛུགས་ནི་མེད་པ་ཞིག་གསར་དུ་འཛུགས་པ་དང་གསར་སྣོན་ནི་སྔོན་གྱི་སྟེང་དུ་ཁ་སྣོན་ལ་གོ་བས་རིག་གནས་འཛུགས་སྐྲུན་ཞེས་པའི་སྐབས་འདིར་དོན་རྗེས་མ་ལ་འཇུག་དགོས།  རྒྱུ་མཚན་ནི་སྲོལ་རྒྱུན་རིག་གནས་ལ་དུས་བསྟུན་གྱི་བསྒྱུར་བཅོས་དང་ཁ་སྣོན་མེད་ན་མི་རིགས་གོང་འཕེལ་གྱི་སྒྲོག་ཏུ་འགྱུར་བ་དང་། སྔར་ཡོད་བླང་དོར་ཡོད་ཐོག་གཞན་སྔོན་ཐོན་གྱི་ཆ་དེ་རྒྱུན་ཆད་མེད་པར་ནང་འདྲེན་བྱས་ཚེ་མི་རིགས་འཕེལ་རྒྱས་ཀྱི་གསོས་སུ་འགྱུར་བའི་ཕྱིར་དང་།   མིའི་རིགས་ཀྱི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ཟུང་གི་དགོས་མཁོ་ནི་བརྟན་མིན་དུས་ཀྱི་འགྱུར་ལྡོག་བཞིན་རྒོད་པས་བ་ཚྭ་དྲི་དང་འགྲོགས་པའི་ཁ་རྩང་གིས་དེ་རིང་གི་སྐོམ་པ་སེལ་མི་ཐུབ་བ་བཞིན་ནོ།།   ལར་རིག་གནས་གསར་སྣོན་ལས་གསར་འཛུགས་ཞེས་བརྗོད་པ་ནི་བོད་ལ་མཚོན་ན་དགོས་པ་མེད་དེ།   འོད་སྟོང་འབར་བའི་སྲོལ་རྒྱུན་ཡོད་པ་རྦད་དེ་བསྐྱུར་ནས་གསར་བ་ཞིག་འཛུགས་དགོས་ཞེ་ན་དགོངས་གཞི་དགོས་པ་གཞན་མེད་ན་འདུ་ཤེས་སོ་ན་མི་གནས་པའི་རང་མཚང་དུ་ཟད་དོ།།   འོ་ན་རིག་གནས་འཛུགས་སྐྲུན་ལས་གོང་སྤེལ་ཞེས་བརྗོད་ན་མི་ལེགས་སམ་སྙམ་ན།   རིག་གནས་གོང་སྤེལ་དང་རིག་གནས་འཛུགས་སྐྲུན་གཉིས་ནི་སྤྱིར་འབྲེལ་བ་ཡོད་ལ་ཁྱད་པར་ཡང་ཡོད་དེ།   སྔ་མ་ནི་སྔར་ཡོད་འཕེལ་རྒྱས་གཏོང་བ་ཙམ་ལ་གོ་བ་དང་ཕྱི་མ་ནི་བླང་དོར་ཡོད་པའི་ཐོག་ལེགས་ཆ་གོང་སྤེལ་དང་སྐྱོན་ཆ་སྤངས་ནས་གཞན་གྱི་དགེ་མཚན་གྱི་ཆ་ནང་འདྲེན་བྱས་ཏེ་ཁ་སྣོན་བྱེད་པ་ལ་གོ་བས་ན་རིག་གནས་འཛུགས་སྐྲུན་ཞེས་བརྗོད་པ་ནི་དགོངས་གཞི་དགོས་པ་ཅན་གྱི་ཐ་སྙད་དུ་གྲུབ་བོ།།   དེ་ལྟ་བས་ན།   རིག་གནས་འཛུགས་སྐྲུན་ཞེས་པ་ལ་སྒྲ་བཤད་འདི་ལྟར་བཞག་འདོད་དེ།   སྔར་ཡོད་སྲོལ་རྒྱུན་རིག་གནས་ལ་དངོས་སྟོབས་རིགས་པས་སྙིགས་བཅུད་དབྱེ་ཐོག་གསར་བྱུང་སྔོན་ཐོན་རིག་གནས་བླང་དོར་ཡོད་པའི་སྒོ་ནས་འཕེལ་རྒྱས་ཀྱི་གསོས་སུ་འདྲེན་པ་ལ་བརྗོད་དོ།།   དེ་ཡང་སྔར་ཡོད་སྲོལ་རྒྱུན་རིག་གནས་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ།   མི་རིགས་གང་ཞིག་ཡིན་རུང་དེ་ལ་ཐུན་མིན་གྱི་སྤྱི་ཚོགས་ལས་བྱུང་བའི་རིག་གནས་ཤིག་མི་རིགས་དེའི་གཟུགས་ཀྱི་གྲིབ་མ་བཞིན་གནས་ཡོད་པའི་ཕྱིར་དང་།  ཚན་རིག་རང་བཞིན་ནམ་དངོས་སྟོབས་རིགས་པས་སྙིགས་བཅུད་དབྱེ་ཐོག་ཅེས་བརྗོད་པ་ལའང་དགོས་པ་ཡོད་དེ།   ལེགས་ཉེས་འབྱེད་པ་ལ་ཡུལ་དང་དུས་དང་རྐྱེན་བྱེ་བྲག་བའི་དགོས་མཁོ་བསྐང་བ་ཙམ་གྱིས་མི་ཆོག་པར་རིག་གནས་དེ་ཉིད་ལོངས་སུ་སྤྱོད་པའི་ཡུལ་གྲུ་སྤྱིའི་མི་དང་དེ་དག་གི་མི་རབས་རྗེས་མ་ནས་རྗེས་མ་རྣམས་ཀྱི་དགོས་མཁོ་དང་བསྟུན་དགོས་པས་ན་ངེས་པར་དུ་མ་འོངས་སྔོན་དཔོག་རང་བཞིན་གྱི་དངོས་སྟོབས་རིགས་པས་ཆོས་ཉིད་ཀྱི་སྲང་དུ་གཞལ་དགོས་པའི་ཕྱིར་དང་།  གསར་བྱུང་སྔོན་ཐོན་རིག་གནས་བླང་དོར་ཡོད་པའི་སྒོ་ནས་ཞེས་བརྗོད་པའང་རྒྱུ་མཚན་ཡོད་དེ།   ལར་གསར་བྱུང་སྔོན་ཐོན་དུ་སྣང་བའང་སྔོན་ཐོན་རྣལ་མ་ཡིན་པའི་ངེས་པ་མེད་པ་དང་།  སྔོན་ཐོན་ཞེས་པའང་བརྟན་མེད་འགྱུར་བའི་ཆོས་ཉིད་དུ་ཟད་པས་དེ་རིང་སྔོན་ཐོན་དུ་བགྲངས་བ་སང་ཉིད་རྗེས་ལུས་སུ་གྱུར་བ་དང་མི་རིགས་འདི་ལ་དམིགས་ན་སྔོན་ཐོན་ཡིན་རུང་གཞན་ལ་དམིགས་ན་སྔོན་ཐོན་མིན་པའང་ཡོད་སྲིད་པ་དང་།   མི་རིགས་འདི་ལ་དགོས་གལ་ཆེ་བའི་སྔོན་ཐོན་རིག་གནས་སུ་གྲུབ་རུང་མི་རིགས་གཞན་ལ་དེ་ལྟར་མཁོ་བའི་ངེས་པ་མེད་པས་ན་རང་ལ་དགོས་མིན་གྱི་བླང་དོར་ཡོད་དགོས་པའི་ཕྱིར་དང་།   འཕེལ་རྒྱས་ཀྱི་གསོས་སུ་འདྲེན་ཞེས་བརྗོད་པ་ལའང་རྒྱུ་མཚན་ཡོད་དེ།   རིག་གནས་ནི་མི་རིགས་རང་མཚན་པའི་ཁྱད་ནོར་ཡིན་པ་བཞིན་སྤེལ་ན་འཕེལ་ལ་མ་སྤེལ་ན་རྗེས་སུ་ལུས་ཏེ་ཆུ་རྒྱུན་ཆད་པའི་རྫིང་བུ་བཞིན་དུ་འགྱུར་བའི་དོན་བསྟན་ནོ།།

 

 

གཉིས་པ།  དེ་སྔའི་བོད་ཀྱི་རིག་གནས་འཛུགས་སྐྲུན་བྱས་སྐོར་དབྱེ་ཞིབ་མདོར་བསྡུས།

 

  དེ་ཡང་འཛམ་གླིང་སྤྱིའི་འཕེལ་ཚད་ནི་བཟོ་ལས་དཔལ་འབྱོར་གྱི་དུས་རབས་རིམ་གྱིས་བརྒལ་ཏེ་ཤེས་རིག་དཔལ་འབྱོར་ཞེས་པའི་དུས་ཀྱིས་ཟིན་པ་དང་།  ཁྱད་པར་དུ་རང་རྒྱལ་ཡང་བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་ཕྱིན་པའི་བྱེད་ཕྱོགས་འོག་འཆར་བཀོད་དཔལ་འབྱོར་ལམ་ལུགས་ཡོངས་སུ་བསྒྱུར་ཏེ་ཁྲོམ་རའི་དཔལ་འབྱོར་གྱི་ལམ་ལུགས་ཏེ།   འདྲ་མཉམ།   འགྲན་བསྡུར།  བརྩོན་ལེན་བྱེད་དགོས་པའི་དུས་མཚམས་ལ་བསླེབས།  དེ་བསྟུན་གྱི་ཁོར་ཡུག་ལས་བྱུང་བའི་མི་ཚེའི་འདུ་ཤེས།    རིན་ཐང་ལྟ་ཚུལ།  ཡུལ་སྲོལ་གོམས་གཤིས།   འཚོ་བ་སྐྱེལ་སྟངས་སོགས་སྔོན་ཐོན་ཚན་རིག་ལག་རྩལ་གྱི་འབྲས་བུ་དང་བསྡོངས་ཏེ།  རྗེས་ལུས་ཀྱི་རྒྱ་ཐེབས་པའི་མི་རིགས་རང་མཚན་པ་བོད་ལྟ་བུ་དང་དེའི་སྲོལ་རྒྱུན་རིག་གནས་ལ་ཛ་དྲག་པའི་སྣང་བ་སྟེར།   ཚུལ་འདི་ལ་དམིགས་ཏེ་དཔྱོད་ལྡན་ཀུན་ནས་བསམ་སྦྱོར་གཉིས་ཀྱིས་དུས་རབས་རང་བཞིན་གྱི་འགན་ཏེ་རིག་གནས་འཛུགས་སྐྲུན་གྱི་བྱ་བར་འབད་པ་བྱས་དང་བྱེད་བཞིན་པ་ཡོད་མོད།   འཛུགས་སྐྲུན་གྱི་རྩ་དོན་ཐད་ལ་མཁས་པ་སོ་སོ་ནས་བཞེད་ཚུལ་མི་འདྲ་བ་འགའ་ཞིག་མཆིས་ཏེ།   སྲོལ་རྒྱུན་རིག་གནས་ཀྱི་ནུ་ཞོ་ཁོ་ནར་བརྟེན་ནས་བྱུང་བའི་མཁས་པ་རྒན་གྲས་ཀྱི་ལྟ་ཚུལ་དང་།   སྲོལ་རྒྱུན་རིག་གནས་མངའ་དབང་འབྱོར་བའི་སྟེང་དུ་རིག་གནས་གཞན་དག་ཀྱང་སྦྱངས་བ་མིན་དམན་པའི་མཁས་པ་རྒན་གྲས་ཀྱི་ལྟ་ཚུལ་དང་།   བཅིངས་གྲོལ་བྱས་ཕྱིན་སྲིད་གཞུང་གི་སློབ་གྲྭར་ཞུགས་མྱོང་བའི་སྲོལ་རྒྱུན་རིག་གནས་ལ་བག་ཆགས་ཡོད་མེད་གཉིས་ཀྱི་ལྟ་ཚུལ་རིགས་གཉིས་དང་།  རྒྱ་ཡིག་སློབ་གྲྭར་ཞུགས་ཤིང་བོད་ཡིག་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཐོས་པ་ཅུང་ཙམ་ཡོད་པ་དང་གཏན་ནས་མེད་པའི་རིགས་ཀྱི་ལྟ་ཚུལ་བཅས་ཡོད་དོ།།   ལྟ་དགོངས་རིགས་དེ་དག་ཀྱང་རང་རིགས་ལ་ཞེན་པའི་ཀུན་སློང་གཙང་མ་ཡིན་མིན་ཅི་རིགས་མཆིས་ཀྱང་།    ལ་ལ་གཏན་ཚིགས་ལྟར་སྣང་ཅན་དང་རྒྱུ་མཚན་ནུས་མེད་ཅན་གྱིས་བསླང་བའི་ལྟ་ཚུལ་ཡིན་སྟབས།   རིག་གནས་འཛུགས་སྐྲུན་གྱི་གསོས་སུ་གྱུར་པ་ཕར་ཞོག    དེའི་བགེགས་སམ་གཤེད་དུ་གྱུར་བའང་ཡོད་སྙམ།   དེ་ལྟ་བས་ན།   རིག་གནས་འཛུགས་སྐྲུན་ནམ་སྲོལ་རྒྱུན་དང་དེང་རབས་བར་གྱི་འབྲེལ་མཐུད་དམ།   བོད་ཀྱི་དེང་རབས་ཅན་གྱི་བརྩོན་ལེན་ནམ།   བོད་ཀྱི་རིག་གནས་ཀྱི་ཐར་ལམ་ཞེས་བརྗོད་སྟངས་མི་འདྲ་རུང་དོན་གྱི་འབབ་ས་གཅིག་ཏུ་ཁེལ་བའི་ཁ་ཚ་དགོས་གཏུག་གི་གནད་དོན་དེ་ཉིད་མཁས་བརྒྱ་འགྲན་གླེང་གི་སྟེགས་བུར་ཞིབ་འཇུག་གི་ཡུལ་དུ་གྱུར་དགོས་པ་ནི་ཕྱོགས་གང་ནས་བརྟགས་ཀྱང་ལོ་རྒྱུས་ཀྱི་རེ་འདོད་དང་དུས་རབས་ཀྱི་སྐུལ་མར་གྱུར་ཡོད་དོ།།   བོད་ཀྱི་རིག་གནས་གོང་འཕེལ་གྱི་དལ་འབབ་རིང་མོའི་གཞུང་དུ་ཕྱི་མིག་ཅིག་འཕངས་ན།  སྟོན་པ་གཤེན་རབ་མི་བོ་ཆེས་རིག་གནས་འཛུགས་སྐྲུན་གྱི་འཕྲིན་ལས་སྤེལ་ནས་བོད་ཀྱི་གནའ་བོའི་རིག་གནས་འོད་སྟོང་འབར་བར་བྱས་པ་དང་།  ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་ལོ་པཎ་མཁན་པོ་རིམ་བྱོན་གྱིས་འཕགས་ཡུལ་རིག་གནས་དལ་འབབ་ཆེན་པོ་གངས་ཅན་རིག་གནས་ཀྱི་མཚོ་མོའི་གསོས་སུ་དྲངས་ཏེ་བོད་བརྒྱུད་ནང་བསྟན་གཙོས་པའི་སྲོལ་རྒྱུན་རིག་གནས་ཀྱི་བ་དན་བསླང་བ་དང་།   རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་མཚོན་པའི་སྐྱེས་ཆེན་ཇི་སྙེད་ཅིག་བ་དན་དེ་ཉིད་བསམ་སྦྱོར་གཉིས་ཀྱི་དཔུང་གིས་བཏེགས་ཏེ་བོད་ཀྱི་ལྔ་ཟུང་རིག་པའི་རྒྱལ་མཚན་འཛམ་གླིང་རིག་གནས་ཀྱི་མཐོངས་དབྱིངས་སུ་ལྷབ་ལྷུབ་གཡོས་བར་བྱས་པ་བཅས་ནི།  འདས་ཟིན་པའི་རིག་གནས་འཛུགས་སྐྲུན་གྱི་ལོ་རྒྱུས་ཡིན།   ཉེ་རབས་དང་དེང་རབས་ཀྱང་ཕྱོགས་དེ་ལ་འབད་པ་དང་དེའི་སྐོར་གྱི་བསམ་བློ་མངོན་པར་ཕྱུག་པའི་བརྩམས་ཆོས་སྤེལ་མཁན་མཚོན་ཙམ་བརྗོད་ན།  དུས་རབས་ཉི་ཤུ་བའི་དུས་མགོར་བྱོན་པའི་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་རིག་གནས་འཛུགས་སྐྲུན་གྱི་བསམ་བློ་མངོན་པར་གསལ་བའི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》(བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར)དང་།   མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱི《བོད་རིག་པའི་ལོ་རྒྱུས་དང་འབྱུང་འགྱུར》(སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར)མཁས་དབང་དོན་གྲུབ་རྒྱལ་གྱི་《གསུང་འབུམ་ལས་ཐོར་རྩོམ་སྐོར》(པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར)མཁས་དབང་ནམ་མཁའ་ནོར་བུའི་《བོད་ཀྱི་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པའི་གཏམ་གཟི་ཡི་ཕྲེང་བ》(སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར)མཁས་པའི་ཁྱུ་མཆོག་དོར་ཞི་ཚང་གི་《མུན་འཇོམས་ནོར་བུའི་ཕྲེང་བ》(མི་རིགས་དཔེ་སྐྲུན་ཁང་གིས་པར)དོན་གྲུབ་དབང་འབུམ་ལགས་ནས་བརྩམས་པའི་《བོད་ཀྱི་རིག་གནས་སྐོར་གྱི་དཔྱད་པ》(རྒྱ་ཡིག)(ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར)སློབ་གསོ་རིག་པའི་འབུམ་རམས་པ་དཔལ་ལྡན་ཉི་མའི་《དཔལ་ཡོན་གྱི་འགག་འཕྲང-བོད་ཀྱི་སློབ་གསོའི་ཐར་ལམ》(རྒྱ་ཡིག)(སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར)འབྲོང་བུ་ཚེ་རིང་རྡོ་རྗེའི་《རྟོགས་གཞིགས་གསར་པའི་འདུ་ཤེས་ཀྱི་ཡོ་ལང》(བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར)སོགས་ཡིན་ལ།  རིག་གནས་འཛུགས་སྐྲུན་གྱི་བསམ་བློ་དངོས་བསྟན་པའི་གཞུང་ལུགས་མིན་པར་བསམ་བློ་དེ་ཉིད་ལག་བསྟར་བྱས་པ་ལས་བྱུང་བའི་བརྩམས་ཆོས་ཤིན་ཏུ་མང་བས་འདིར་བརྗོད་ཀྱིས་མི་ལངས་མོད།  ཚབ་མཚོན་ཅན་ཁག་གཅིག་བཀོད་ན།  དུང་དཀར་བའི་《ཆོས་སྲིད་ཟུང་འབྲེལ》(མི་རིགས་དཔེ་སྐྲུན་ཁང་གིས་པར)དང་།  སངས་རྒྱས་ཀྱི་《ཚིག་རྒྱན་རིག་པའི་འཕྲུལ་གྱི་ལྡེ་མིག》ཟླ་བ་བློ་གྲོས་ཚང་གི་《སྙན་ངག་གསར་བའི་རང་མདངས》(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར)མཁས་དབང་དཔའ་རིས་སངས་རྒྱས་ཀྱི་སྐད་བརྡ་རིག་པའི་ཁྱབ་ཁོངས་སུ་གཏོགས་པའི་གཞུང་ལུགས་རྣམ་བཞི་སྟེ།  《བོད་ཀྱི་བརྡ་སྤྲོད་རིག་པའི་གསལ་བྱེད་ངག་སྒྲོན》དང་《བོད་ཀྱི་དག་ཡིག་རིག་པའི་གབ་པ་མངོན་ཕྱུང་》《བོད་ཀྱི་སྡེབ་སྦྱོར་རིག་པ་ངག་གི་རོལ་མཚོ》《བོད་ཀྱི་མངོན་བརྗོད་རིག་པའི་སྐོར》བཅས་སྔོན་གཞུང་བསྐྱར་དུ་བཀྲལ་བའི་ལུགས་ལས་གྲོལ་ཏེ་བོད་རང་སྐད་དང་བསྟུན་ཐོག་ཚན་རིག་རང་བཞིན་གྱི་འཛམ་གླིང་སྤྱི་འགྲོས་རིག་པའི་ལེགས་ཆ་བཏུས་ཏེ་བརྩམས་པ་ལགས་པས་དགེ་མཚན་གྱི་ཆ་མངོན་པར་ཕྱུག་ལ་དེའི་སྐོར་གྱི་སྟོང་ཆའང་ཁ་གསབ་ཡོད།  བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་བ་ལ་བཀའ་དྲིན་བླ་ལྷག་ཆེ་བ་ནི་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་བ་ཚང་དང་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་ཚང་དང་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་།   རྡོ་རྗེ་རྒྱལ་པོ།   དུང་དཀར་བློ་བཟང་འཕྲིན་ལས།  བྱམས་པ་འཕྲིན་ལས།   ཁྲོ་རུ་མཁན་པོ་ཚེ་རྣམ།   ཨ་ལགས་ཤར་གདོང་།   མཆོག་སྤྲུལ་ཐུབ་བསྟན་ཉི་མ།   ཨ་ལགས་དོར་ཞི།  དཔའ་རིས་སངས་རྒྱས།  མཛོད་དགེ་ཨ་ཁུ་ཉི་མ།   གཡང་གླིང་རྡོ་རྗེ།   བཀྲ་ཤིས་ཚེ་རིང་ཚང་སོགས་ཡིན།   གོང་ཞུས་དེ་དག་ནི་བོད་ཀྱི་རིག་གནས་འཛུགས་སྐྲུན་ཐད་བྱས་རྗེས་བཞག་དང་འཇོག་བཞིན་པའི་སྔོན་ཐོན་པ་ཚབ་མཚོན་ཅན་ཡིན་པས་ན།   གཞོན་སྐྱེས་ཡོངས་ནས་ཟམ་མི་ཆད་པར་དེའི་རྗེས་སུ་ཁ་མིག་ཡར་ལྟོས་ཀྱིས་དཔུང་འཇུག་བྱེད་པ་ལས་སྒྱིག་ལུག་ངང་བསྡད་མི་རུང་།   དེང་ཡང་དུས་རབས་ཀྱི་སྐྱོག་མཚམས་འདི་ན་དཔྱོད་ལྡན་གཞོན་སྐྱེས་མི་ཉུང་བ་ཞིག་གིས་ཕྱོགས་འདི་ལ་གཞོལ་གྱིན་ཡོད་པ་སྤྱིར་བསྔགས་བརྗོད་ཀྱི་གནས་སུ་སོང་མོད།   ལ་ལ་རིག་གནས་འཛུགས་སྐྲུན་གྱི་ལྟ་བའི་འཛིན་མཚམས་གོལ་བས་ལོང་བའི་ལོང་གཏམ་བསྒྲགས་ཏེ་གཡམ་རྒྱུག་བྱེད་པའང་མཐོང་སྟེ།   ཉེ་སྔོན་ཡུལ་ཟི་ལང་ཕྱོགས་ནས་སྤེལ་བའི་《མང་ཚོགས་སྒྱུ་རྩལ》གྱི་སྟེང་དུ་ན་གཞོན་རྩོམ་པ་པོ་ཞིག་གི་རྩོམ་ཡིག《བག་ཆགས་དོང་སྤྲུགས》ཞེས་པ་ཞིག་འཁོད་པ་དང་རྩོམ་སྒྲིག་པ་ནས་ཀྱང་རྩོམ་གྱི་ཀླད་དུ་བརྣན་གྱིས《བག་ཆག་དོང་སྤྲུགས》དང་《རྨོངས་སྐྲན་འཇོམས་པའི་གཏར་ཁ》ཞེས་པ་རྩོམ་ཡིག་གཉིས་ནི་དེ་སྔ《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་དུ་སྔ་ཕྱིར་བཀོད་རྗེས།  བོད་རིགས་ཀྱི་མ་འོངས་ལ་སྙིང་ཁུང་རུས་པའི་གཏིང་ནས་བསམ་གཞིགས་བྱེད་པའི་དཔྱོད་ལྡན་ཁག་གཅིག་གིས་དེར་རྗེས་སུ་ཡི་རང་ཐལ་མོ་སྦྱོར་བཞིན་ཡོད་ལ”ཞེས་བཀོད་པ་མཐོང་བས་རྗེས་སུ་ཡི་རང་བསྐྱེད་དེ་སྟན་ཐོག་གཅིག་ཏུ་བསྡད་དེ་རྩོམ་གྱི་མགོ་ནས་མཇུག་བར་རུལ་སྦལ་སྣུར་འགྲོ་ཚུལ་གྱིས་ཚར་གཅིག་བལྟ་ཁུལ་བྱས་པ་ལ།   མ་གཞི་རྩོམ་པ་པོ་རང་ནས“མི་རིགས་སྤྱི་ལ་དབང་བའི་དུས་ཀྱི་འཁོར་ལོའི་གོམ་འགྲོས་དེ་ཤེས་རིག་དཔལ་འབྱོར་གྱི་དུས་རབས་སུ་སླེབས་ནའང་འུ་ཚོས་ད་དུང་རང་ཉིད་ཀྱི་རྒུད་པའི་རྩ་བའམ་ན་བའི་རྐྱེན་མི་འཚོལ་བར་ཆོ་མེད་མདོ་མེད་དུ་སྡོད་དོན་ཅི་ཡིན་་ཞེས་ཤ་ཞེན་རུས་ཞེན་གྱི་ཚིག་ཏུ་སོང་བ་སོགས་དཔྱོད་ལྡན་གྱི་ངང་ཚུལ་སྣང་མོད།   འོན་ཀྱང་ཁོང་གི་འབད་པ་བརྒྱ་ཡིས་འཚོལ་བའི་རྒྱུ་མཚན་དང་རྒྱུ་མཚན་དེ་ལས་བྱུང་བའི་ངོས་འཛིན་ནི་བྱིས་ཆུང་ཀླད་མེད་ཀྱི་གཏམ་དུ་ཟད་དེ།  མཐའ་ཕུགས་གང་ལ་གཏུགས་ཀྱང་འུ་ཚོ་ཐུར་ནས་ཐུར་ལ་འཐེན་མཁན་ནི་རང་སེམས་ཀྱི་བག་ཆགས་རྙིང་བ་འདི་དག་རེད།    སེམས་དང་བློ་རིག་ལ་རང་དབང་ལྷད་མེད་འཐོབ་ཕྱིར་དང་།   སྒོ་ཀུན་ནས་ཡར་རྒྱས་གོང་འཕེལ་འབྱུང་ཕྱིར།   བག་ཆགས་རྙིང་པའི་རིམ་པ་དེ་ཕ་མ་ལྟར་དབང་བཙན་ནའང་འུ་ཚོས་ངེས་པར་གསད་དགོས་ལ་གཞོམ་ཡང་དགོས་སོ།།  ཞེས་པ་སྟེ་དཔྱད་བཟོད་པའི་གཏན་ཚིགས་འཐད་ལྡན་བསྙད་རྒྱུ་མེད་པར་བག་ཆགས་རྙིང་བ་ཐམས་ཅད་ཕ་མ་ལྟར་དབང་བཙན་རུང་གཞོམ་དགོས་ཞེས་བརྗོད།   དེ་ཡང་བླང་དོར་ཅི་ཡང་མེད་པར་ཟིན་ཚེ་གསོད་གསོད་རྒྱོབ་རྒྱོབ་བྱས་ན་ཁྱེད་ཀྱི་རིག་གནས་འཛུགས་སྐྲུན་ཀྱི་ཁུངས་ལུང་ནི་ཉེས་ཀུན་ཕུང་པོ་སྟེ་བཅིངས་འགྲོལ་བྱས་ཕྱིན་རྒྱལ་ནང་དུ་བྱུང་བའི་ངོ་རྒོལ་བཞིའི་ལས་འགུལ་དང་ལོ་རབས་བདུན་ཅུ་པར་བྱུང་བའི་རིག་གནས་གསར་བརྗེ་ཆེན་པོ་ལ་བཅོལ་བ་མ་ཡིན་ནམ།   ཐམས་ཅད་གཏོར་བརླག་བྱས་རྗེས་ཤུལ་དུ་ཅི་ཞིག་འཇོག    ཐུན་མིན་རང་གི་རིག་གནས་མི་དགོས་པའི་མི་རིགས་སྤྱིར་བཏང་བ་ཞིག་བྱེད་འདོད་པ་ཡིན་ནམ།  རང་གི་ལྷན་སྐྱེས་ཀྱི་བག་ཆགས་དང་བཅས་པའི་རིག་གནས་ཡོངས་སུ་དོར་ཏེ་སྔོན་ཐོན་དུ་བགྲངས་བའི་གཞན་གྱི་རིག་གནས་ལོངས་སུ་སྤྱོད་པར་བྱེད།   སྤྱིར་མི་རིགས་གང་ཞིག་ཡིན་རུང་རྒྱབ་རྫོང་གི་རིག་གནས་མོད་པོ་ཡོད་པ་ལ་དུས་ཀྱི་དབང་གིས་གོང་འཕེལ་གྱི་རྒྱའམ་མདུན་སྐྱོད་ཀྱི་སྒྲོག་ཏུ་གྱུར་བའི་ཆ་ཞིག་ཡོད་པས་ཕྱི་འདང་དང་ངོ་རྒོལ་ཡོད་དགོས་པ་ཞིག་ཡིན་ཏེ།  སྲོལ་རྒྱུན་རིག་གནས་ལ་ཁ་ནང་གཏད་དུ་ངོ་རྒོལ་པ་ཞིག་བྱེད་དགོས་ལ་སྲོལ་རྒྱུན་རིག་གནས་ལ་ཁ་ཕྱི་གཏད་དུ་སྲུང་སྐྱོབ་པ་ཞིག་བྱེད་དགོས་ཞེས་དོན་གྱི་རིག་གནས་རིག་པ་བའི་ཞལ་རྒྱུན་དུ་བྱུང་བ་ལྟར་དུ་རྩོད་སྒྲུབ་ངང་ནས་འཇུག་རིགས་ལ།  སྔོན་ཆད་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས(དགེ་ཆོས་ཀྱི་གསུང)ཞེས་རྟག་བརྟན་ཟེར་ཟུག་གི་སྒོ་ནས་སྲོལ་རྒྱུན་རིག་པ་སྤེལ་ཏེ་སྔོན་ཐོན་གྱི་ཚད་དུ་བསླེབས་མི་ཐུབ་ལ།  སྲོལ་རྒྱུན་རིག་གནས་ཀྱི་གཏིང་ཤུགས་མེད་པར་བྱས་པའི་སྒོ་ནས་ཀྱང་མི་རིགས་ཤིག་སྔོན་ཐོན་དུ་སྤེལ་མི་ཐུབ་བོ།།   ལར་སྲོལ་རྒྱུན་རིག་གནས་ནི་མི་རིགས་གང་དེའི་ལོ་རྒྱུས་ཀྱི་ཆུ་བོའི་གཞུང་དུ་རྒྱུན་ཆད་མེད་པར་རྟེན་ཅིང་འབྲེལ་འབྱུང་སྒོས་བྱུང་བ་ལགས་པས།   ལས་སླ་བོར་གཞོམ་ཐུབ་པ་ཞིག་མིན་ལ་རིག་གནས་གཞན་གྱིས་གཅིག་ཚབ་གཅིག་ཀྱང་བྱེད་མི་ཐུབ་ཏེ།   དཔེར་ན་མཐོ་སྒང་ཕྱུགས་ལས་རིག་གནས་ཀྱིས་དམའ་རྒྱ་མཚོའི་འགྲམ་གྱི་མི་རིགས་རིག་གནས་ཚབ་བྱེད་མི་ཐུབ་པ་བཞིན་ནོ།།   དེ་དང་དེ་བཞིན་རིག་གནས་གཞན་ཚད་གཞིར་དམིགས་ཏེ་རང་གི་རིག་གནས་གཞལ་བ་བྱེད་པའང་ལུགས་མཐུན་མིན་པ་ཤུགས་ནས་གོ་ཐུབ།   དེ་ལྟ་བས་ན་སྐབས་དོན་བག་ཆགས་རྙིང་པ་རྩ་མེད་གཏོང་དགོས་ཞེས་བརྗོད་པའང་རྟ་རྒོད་གཡང་ལ་རྒྱུགས་པའི་ཉེན་ཁ་ཡོད་དེ།  བག་ཆགས་རྙིང་པ་ནི་ཤ་ལ་སིམ་པའི་ཁྲག་བཞིན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་གནས་ཡོད་གཤིས།   བག་ཆགས་རྙིང་པ་ཡིན་ཚད་གོང་འཕེལ་གྱི་གཤེད་ཡིན་ནམ་གོང་འཕེལ་གྱི་རྟིང་ཤུགས་ཡིན་རྒྱུ་ངེས་པ་ཏིལ་འབྲུ་ཙམ་ཡང་མེད་པས་ན་དེ་ལ་ཚན་རིག་རང་བཞིན་གྱི་དཔྱད་པ་གཏིང་ཟབ་ཅིག་མ་སོང་ཚེ་སུས་ཐག་གཅོད་ཐུབ།   གལ་སྲིད་ཐག་ཆོད་པ་དེ་ཉིད་ཀྱང་ཆོས་ཉིད་དང་ཐུན་མིན་སུས་དཔོག་ཐུབ།   མི་གཅིག་གི་བསམ་བློ་མཐའ་ཅན་ཡིན་ལ།   མི་རབས་གཅིག་གིས་འདང་རྒྱག་ཚུལ་ཀྱང་ནོར་འཁྲུལ་ཡོད་སྲིད་པའི་ཕྱིར་རོ།།  སྤྱི་ཚོགས་ནི་འགྱུར་བའི་རང་བཞིན་ཅན་ཡིན་པས་དེ་རིང་ཉེས་སུ་བགྲང་བའང་སང་ཉིད་དགེ་རུ་འགྱུར་བ་ཡོད་ལ།   མི་རབས་འདིའི་གསོས་སུ་གྱུར་བ་མི་རབས་རྗེས་མའི་གཤེད་དུ་གྱུར་བའང་ཡོད་དེ།   དཔེར་ན།   ཁ་རྩང་གངས་ཅན་པའི་ནགས་དང་རི་དྭགས་གཅན་གཟན་རྣམས་ལྷ་རི་གཉན་རི།   ལྷ་ཤིང་ཀླུ་ཤིང་།   ལྷ་ཟོག་ཀླུ་ཕྱུགས་སུ་བརྩིས་ཏེ་སྲུང་སྐྱོབ་བྱེད་པ་ལ་རྨོངས་དད་དུ་སྨད་པའང་དེ་རིང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྒྱན་དུ་སོང་བ་བཞིན་ཡིན་པས་ན་མཐའ་གཅིག་ཏུ་ལེགས་ཉེས་ཀྱི་ཤན་འབྱེད་ག་ལ་ཐུབ།  ཡང་གཅིག་བཤད་ན།   དེང་གི་སྐབས་ངེས་ཅན་འདིར་སྤྱིའི་བྱེད་ཕྱོགས་དང་ལམ་ལུགས་ཀྱི་དབང་གིས་གཞི་རིམ་སློབ་ཆུང་དུ་སློབ་མ་ཡོང་མཁན་མེད་པ་དང་།  སློབ་མཐར་ཕྱིན་པའི་བོད་ཀྱི་སློབ་མས་རང་གི་སྐད་ཡིག་སྤྱོད་པའི་ལས་གནས་མི་རྙེད་པ་དང་།  ཕྱོགས་ཕྱོགས་ནས་བོད་ཡིག་ཕན་མེད་བེད་མེད་སྨྲ་བ་ཇེ་མང་དུ་འགྲོ་བའི་སྒང་འདིར་གཏོར་རླག་རང་བཞིན་གྱི་ལྟ་ཚུལ་འདི་ངན་ཐོག་ཏུ་བག་ཅེས་པའི་དཔེ་རུ་མི་འགྱུར་རམ།  དེ་རིགས་ཀྱི་ངོས་འཛིན་ནི་རིག་གནས་གོང་འཕེལ་དང་མི་རིགས་ཡར་རྒྱས་འགྲོ་བའི་སྲི་ཞུར་མི་འགྲོ་བར།   རིག་གནས་རྩ་མེད་དུ་གཏོང་བའི་ཐན་ལྟས་སུ་གྱུར་ཡོད་སྙམ་མོ།།   རྒྱ་ཡི་རིག་གནས་རིག་པའི་མཁས་དབང་ཡུས་ཆུས་ཡུས་དུས་རབས་ཀྱི་སྐྱོག་མཚམས་ལ་རྒྱལ་ཁམས་བསྐོར་བའི་ཚོགས་ཆུང་དུ་ཞུགས་ཏེ་ཡུལ་གྲུ་ཕྱོགས་ཕྱོགས་སུ་ཕེབས་ནས་ཕྱིར་སླེབས་རྗེས་་            ཀྲུང་གོ་རིག་གནས་ནི་ད་བར་རྒྱུན་མཐུད་དེ་གནས་ཡོད་པ་ནི་ཇི་འདྲའི་དགའ་བ་སྒོམ་པ་ཞིག་རེད།   ལྷན་རྒྱས་ནས་རིག་གནས་འདི་ལ་འཛུགས་སྐྲུན་མང་ཙམ་ལས་གཏོར་བརླག་མེད་པར་གྱིས་ཤིག་ཨང་ཞེས་མྱོང་གོམས་ལས་གྲུབ་པའི་གཏམ་ཞིག་གསུངས་པ་འདིའང་ང་ཚོ་ལ་མཚོན་ན།  དྲན་སྐུལ་ཅིག་དྲིལ་སྒྲ་ཞིག་ཏུ་གྱུར་ཡོད་པ་མིན་ནམ།

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1