ཞི་ཅིན་ཕིང་གིས་དོན་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-30




ཞི་ཅིན་ཕིང་གིས་འབད་འཐབ་པ་རྟགས་ཅན་མཚོ་གཏིང་མི་བཞུགས་ཆུར་འཛུལ་ཡོ་བྱད་ཀྱིས་སྨི་ཁྲི་ཡི་མཚོ་སྐོར་ཚོད་ལྟ་ལེགས་གྲུབ་བྱུང་བ་མ་ཟད་རྒྱལ་ཁའི་ངང་ཕྱིར་ལོག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབད་འཐབ་པ་རྟགས་ཅན་གྱི་མཚོ་གཏིང་མི་བཞུགས་ཆུར་འཛུལ་ཡོ་བྱད་ཀྱིས་སྨི་ཁྲི་ཡི་མཚོ་སྐོར་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་འབྲེལ་སྤྱི་ཚེས་28ཉིན་རྒྱལ་ཁའི་ངང་ཕྱིར་ལོག་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ། མཚོ་གཏིང་གི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་། གཏིང་ཟབ་པའི་ཚན་རིག་ཞིབ་འཇུག་ལ་གཞོལ་མཁན་ཚན་ཞིབ་ལས་དོན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། འབད་འཐབ་པ་རྟགས་ཅན་ཞིབ་འཇུག་གསར་བཟོ་དང་མཚོ་ཐོག་ཚོད་ལྟ་ལེགས་གྲུབ་བྱུང་བ་དེས། རང་རྒྱལ་ལ་འཛམ་གླིང་གི་རྒྱ་མཚོའི་གཏིང་རིང་སར་བསྐྱོད་དེ་ཚན་རིག་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པའི་ནུས་པ་ལྡན་པ་མཚོན་ཡོད་ཅིང་། རྒྱ་མཚོའི་ལག་རྩལ་རྩེ་གྲའི་ཁྱབ་ཁོངས་སུ་རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་ཡོད། ཀླུ་མོ་རྟགས་ཅན་དང་། མཚོ་གཏིང་དཔའ་བོ་རྟགས་ཅན་ནས་ད་ལྟའི་འབད་འཐབ་པ་རྟགས་ཅན་བར། ཁྱེད་རྣམ་པས་ཚན་རིག་དང་མཐུན་པའི་སྤྱོད་ཚུལ་གཟབ་ནན་དང་། རང་སྟོབས་རང་སྤེལ་གྱི་བློ་སྟོབས་ལ་བརྟེ་ནས། གཟབ་ནན་བདེན་འཚོལ་དང་། མཐུན་སྒྲིལ་མཉམ་ལས། འབད་འཐབ་ལེགས་སྐྱེས། ཡང་རྩེར་འཛེགས་ཕོད་པ་བཅས་ཀྱི་ཀྲུང་གོའི་མི་བཞུགས་མཚོར་འཛུལ་གྱི་སྙིང་སྟོབས་ལག་ལེན་བསྟར་ནས་ཚན་རྩལ་གསར་གཏོད་ལ་མིག་དཔེ་བསྟན་ཡོད་ཅེས་གསུངས་ཡོད།
     ཞི་ཅིན་ཕིང་གིས། རྒྱ་མཚོའི་གཏིང་གི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་གཏིང་ཟབ་ཚན་རིག་ཞིབ་འཇུག་ལ་གཞོལ་མཁན་ཚན་ཞིབ་ལས་དོན་པ་ཡོངས་ཀྱིས་ཚན་རིག་གི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་བ་བརྒྱུད། རྒྱ་མཚོའི་ཚན་རྩལ་ཡང་རྩེར་འཛེགས་ཕོད་པ་བྱས་ཏེ། རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་དང་། མིའི་རིགས་ཀྱིས་རྒྱ་མཚོར་ངོས་འཛིན་དང་། སྲུང་སྐྱོང་། གསར་སྤེལ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་ཟམ་མི་ཆད་པར་འབུལ་རྒྱུའི་ཐུགས་རེ་གནང་ཡོད།
     སྤྱི་ཚེས་28ཉིན་གཉེར་བའི་འབད་འཐབ་པ་རྟགས་ཅན་མཚོ་ཐོག་ཚོད་ལྟ་བྱས་ནས་ཕྱིར་ལོག་པར་དགའ་བསུ་ཞུ་བའི་བྱེད་སྒོའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དང་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཐོང་ཧ་ཅང་ཆེན་པོ་གནང་བ་གང་ལེགས་མཚོན་པ་དང་། གཏིང་ཟབ་པའི་རྒྱ་མཚོའི་ཚན་རྩལ་ལས་དོན་ལེགས་པར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་བླང་བྱ་བཏོན་ཡོད་པས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས། འབད་འཐབ་པ་རྟགས་ཅན་ཞིབ་འཇུག་གསར་བཟོ་བྱེད་རིམ་ཁྲོད་ཕྱོགས་སོ་སོའི་ཚན་ཞིབ་སྟོབས་ཤུགས་སྐུལ་སློང་དང་གཅིག་གྱུར་འཆར་འགོད་གང་ལེགས་བྱས་ཡོད་པས། འགག་རྩའི་ལག་རྩལ་མང་པོ་ཞིག་འགག་སྒྲོལ་བྱུང་བ་ནི་རང་རྒྱལ་གྱི་མཚོ་གཏིང་ཚན་རྩལ་འཚོལ་ཞིབ་ལམ་བུའི་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ལེགས་གྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་དང་། ཀྲུང་གོའི་མི་བཞུགས་མཚོར་འཛུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཐོན་སློབ་ཞིབ་གསུམ་མཉམ་སྡེབ་ཀྱིས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་ཞིབ་གྲུབ་འབྲས་བཀོལ་སྤྱོད་གཞན་སྒྱུར་མགྱོགས་སུ་གཏོང་བ། ལྟེ་བའི་ལག་རྩལ་སྔར་བས་མང་པོ་འགག་སྒྲོལ་དང་རྒྱུན་མཐུད་ཐུབ་པའི་རིམ་འཇུག་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
     ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་ནས་བཟུང་། ཚན་རྩལ་པུས་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོའི་གྲུ་གཟིངས་ཚོགས་པ་དང་མཉམ་དུ། ཚན་རིག་ཞིབ་འཇུག་ཁང་དང་། མཐོ་རིམ་སློབ་གྲྭ། ཁེ་ལས་བཅས་ཀྱི་ཚན་ཞིབ་མི་སྣ་སྟོང་ལ་ཉེ་བ་སྒྲིག་འཛུགས་བྱས་ཏེ། དཀའ་སྤྱད་འགག་སྒྲོལ་བྱས་པ་བརྒྱུད། འབད་འཐབ་པ་རྟགས་ཅན་ཞིབ་འཇུག་དང་གསར་བཟོ་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་བ་དང་། སྤྱི་ལོ་2020ལོའི་ཟླ་10ཚེས་10ཉིན་ནས་བཟུང་། འབད་འཐབ་པ་རྟགས་ཅན་མ་ལི་ཡ་ན་མཚོ་རོང་དུ་བསྐྱོད་དེ་སྨི་ཁྲི་ཡི་མཚོ་གཏིང་དུ་ཚོད་ལྟ་ཐེངས་13བྱས་པ་དང་། དེའི་ནང་ཐེངས་བརྒྱད་རྨིད་ཁྲི་ལས་བརྒལ་ཡོད། སྤྱི་ཟླ་11ཚེས་10ཉིན་གྱི་ཆུ་ཚོད་8དང་སྐར་མ་12ཐོག འབད་འཐབ་པ་རྟགས་ཅན་གྱིས་རྨིད་10909ཟིན་པའི་ཀྲུང་གོའི་མི་བཞུགས་མཚོར་འཛུལ་གྱི་ཟིན་ཐོ་གསར་པ་བཏོད་ཡོད། དེའི་ཐོག་ནས་རང་རྒྱལ་གྱི་མཚོ་གཏིང་མི་བཞུགས་མཚོར་འཛུལ་ལག་རྩལ་ཁྱབ་ཁོངས་དེ་ཉིད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1