གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༡ཉིན།

རི་གྲོང་དུ་བཅའ་སྡོད་བྱས་པའི་མཐོང་ཐོས་ལས་ཉ་མོ་ཅི་དགར་རྩེན་པའི་ལེའུ།


         [རྩོམ་སྒྲིག་པའི་དཔྱད་གཏམ།] དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལོར་གསར་འགོད་པ་ཐང་ཏ་ཧྲན་ནས་འབྲི་ཆུའི་འགྲམ་དུ་གནས་པའི་བོད་ཤར་རྒྱུད་ཀྱི་གྲུ་པ་རོང་ཤང་དུ་གྲོང་ཚོར་བཅའ་སྡོད་བྱེད་པར་ཡོང་ཞིང་། རྩོམ་རིག་ལ་དགའ་བའི་ཁོང་གིས་གང་ཞིག་མཐོང་བ་དང་ཅི་ཞིག་ཐོས་པ། མྱོང་ཚོར་གང་ཞིག་ཡོད་པ་བཅས་ཀྱི་སྐོར་དེ་ཁོང་གིས《རི་གྲོང་དུ་བཅའ་སྡོད་བྱས་པའི་མཐོང་ཐོས》ཞེས་པའི་དེབ་ཏུ་བྲིས་ནས་ཁྱེད་ལ་ཁམས་པའི་ས་གཞི་ཆེན་པོའི་འཕེལ་རྒྱས་དང་འགྱུར་ལྡོག་གི་ལྗོངས་རྣམ་རེ་རེ་བཞིན་བསྟན་ནས་ས་དེ་གར་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཞིབ་ཏུ་བྲིས་ཡོད།

འབྲི་ཆུའི་ཉ་ལས་སྐྱེ་འཕེལ་གློད་གཏོང་བྱ་ཡུལ།
        ཉེ་བའི་ལོ་ཤས་རིང་ཉ་ལས་སྲིད་འཛིན་སྡེ་ཚན་གྱིས་གཙང་པོ་དང་ཆུ་བོའི་ས་ཁོངས་ཁག་གཅིག་ཏུ་ཉ་རིགས་སྐྱེ་འཕེལ་གློད་གཏོང་རྒྱུ་དེ་རྒྱུན་དུ་སྒྲུབ་བཞིན་ཡོད།
        ད་ལོའི་དབྱར་ཁར་ངས་སྟབས་ལེགས་པ་ཞིག་ལ་ཉ་ལས་སྐྱེ་འཕེལ་གློད་གཏོང་གི་བརྒྱུད་རིམ་ཧྲིལ་པོ་ཞིག་མིག་གིས་དངོས་སུ་མཐོང་སོང་། སྣེ་ཁྲིད་ཚན་པ་ནི་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཡིན་ལ་སྐྱེ་འཕེལ་གློད་གཏོང་བྱ་ཡུལ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུང་པ་རོང་ཤང་གྲུང་པ་ལུང་གྲོང་ཚོའི་ཨུ་ལྷན་མདུན་ཕྱོགས་ཀྱི་འབྲི་ཆུའི་འགྲམ་ངོགས་སུ་ཡིན་པ་དང་། གློད་གཏོང་བྱེད་པའི་ཉ་རིགས་ནི་སྤུ་ཐུང་ཉ་ལྟོ་ཁྲ་དང་སི་ཁྲོན་གྱི་ཉ་ལྟོ་ཁྲ་རེད།

ཉ་ཕྲུག
        ང་རང་འགྱིག་ཁུག་གི་འགྲམ་དུ་ཙོག་པུར་བསྡད་ནས་ཉ་རིགས་དེ་གཉིས་ཀྱི་ཕྲུ་གུ་ལ་ལྟ་ཞིབ་བྱས་པ་ཡིན། དེ་ཚོ་ཕལ་ཆེར་མཛུབ་མོ་གཉིས་ཀྱི་རིང་ཐུང་ལས་མེད་ཅིང་དབྱིབས་ནར་ནར་ཡིན་པས་ཕར་བལྟས་ཚོད་ཀྱིས་ངའི་ཕ་ཡུལ་གྱི་ཉ་མོ་དང་ཁྱད་པར་མེད་ཀྱང་དོན་དངོས་ཐོག་ཁྱད་པར་ཆེན་པོ་འདུག ཐོག་མར་འཚོ་བའི་ཁོར་ཡུག་མི་འདྲ་བ་དང་ཉ་གློད་གཏོང་བྱེད་སའི་ཆུའི་དྲོད་ཚད་ཅུང་དམའ་ཞིང་སྤུ་ཐུང་ཉ་ལྟོ་ཁྲ་ནི་ཆུ་བོའི་བཞུར་རྒྱུན་ཁྲོད་ནས་རྩེད་མོ་རྩེ་རྒྱུར་དགའ་པོ་ཡོད། དེ་དག་ལ་རྒྱུས་ལོན་མ་བྱས་པའི་གོང་ངས་དེ་སྔོན་ཆུ་རྙོག་རླབས་ཕྲེང་ལང་ལོང་དུ་འཕྱུར་བའི་འབྲི་ཆུའི་ངོས་ལ་ཚོར་སྣང་ཟབ་མོ་ཞིག་སྐྱེས་མྱོང་། “ཁུང་ཙི་ཆུ་བོའི་ངོགས་སུ་འགྲེང་ནས་ལོ་ཟླ་འདས་པ་གཙང་བོའི་རྒྱུན་དང་འདྲ། ནམ་ཡང་མཚམས་ཆད་མེད་པར་མདུན་དུ་རྒྱུག”ཅེས་སྨྲས། ཉ་མོ་ཁྱེད་རང་བྲེལ་འཚུབ་ཀྱིས་མདུན་བསྐྱོད་མི་དགོས་ན་ཡང་བཞུར་རྒྱུན་དྲག་པོའི་གཙང་ཆུ་གྲང་མོ་འདི་རུ་གསོན་ཨེ་ཐུབ་བམ། ད་ལྟ་བལྟས་ཡོང་ན་ངའི་སེམས་ཁྲལ་བྱེད་པ་ནི་ལྷག་མ་ཞིག་ཡིན་པ་སྟེ་ས་ཆུ་ཚོད་ཀྱི་རི་དྭགས་ཞེས་པ་ལྟར། ས་ཆུ་འདི་ཡིས་ས་ཕྱོགས་འདིའི་ཉ་གསོ་བཞིན་ཡོད་པས། གནས་འདིའི་ཁྱད་ལྡན་ཉ་མོ་དག་ནི་ཅི་ནས་ཀྱང་ཁོར་ཡུག་འདི་འདྲའི་ཁྲོད་ནས་འཚར་ལོངས་བྱུང་དགོས། གལ་སྲིད་ཉ་མོ་གྲང་བར་སྐྲག་པ་དང་ཆུ་རྒྱུན་དྲག་པོས་མགོ་ཡོམ་འཁོར་བར་སྐྲག་ནས་དེ་དག་ཆུའི་དྲོད་ཚད10℃ལས་མཐོ་ཞིང་ཆུ་རྒྱུན་ཁོད་སྙོམས་པའི་ཧོའེ་ཧོ་ཆུ་བོའི་ནང་དུ་བཞག་ནས། ངའི་ཕ་ཡུལ་གྱི་ཉ་མོ་དང་མཉམ་དུ་རྩེད་འཇོ་རོལ་དུ་བཅུག་ཚེ་དེ་དག་སྡུག་བསྔལ་ཧ་ཅང་ཆེ་བས་མྱུར་དུ་ཤི་འགྲོ་བ་རེད། ཉ་ནི་དེ་ལྟར་ཡིན་ལ་ཕྱུགས་ཀྱང་དེ་ལྟར་ཡིན། ངས་གྲུ་པ་རོང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཉེ་འགྲམ་དུ་ནོར་གནག་མཐོང་མ་བྱུང་། དེ་གར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2500ཙམ་ཡོད་པ་དང་དབྱར་ཁར་དྲོད་ཚད་ཧྲེ་ཧྲི་ཏུའུ་སུམ་ཅུ་སོ་བཞི་ལ་སླེབས་ཀྱིན་ཡོད་པས་ནོར་གནག་ཁོར་ཡུག་དེ་འདྲའི་ནང་ཚ་ནས་ཤི་འགྲོ་བ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་སུམ་སྟོང་ངམ་བཞི་སྟོང་གི་འབྲོག་ས་རུ་ནོར་གནག་འཚོ་བའི་འཚོ་བ་ཧ་ཅང་སྐྱིད་པོ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། མི་ཞིག་ཡིན་པའི་ཆ་ནས་དྲོད་ཚད་ལའང་ཚོར་བ་སྐྱེན་པོ་ཡོད། ངས་བོད་ལྗོངས་ཀྱི་ལས་ཡུལ་ནས་སི་ཁྲོན་གྱི་མི་འགའ་མཐོང་བྱུང་ལ་ཁོ་ཚོར་ནང་སར་ཞོར་ལས་ལ་མི་འགྲོ་དོན་ཅི་ཡིན་ཞེས་དྲིས་པ་ན། ཁོང་ཚོས་དབྱར་ཁར་ནང་ལོགས་ཀྱི་ཚ་བ་ཆེན་པོ་བཟོད་མི་ཐུབ་པ་དང་བོད་ལྗོངས་སུ་ཏག་ཏག་དུ་མཚམ་པོ་ཡོད་ཅེས་ཟེར། རྒྱུ་མཚན་ནི་གནས་འདིའི་ས་ཆ་མང་ཆེ་བར་དབྱར་དུས་དྲོད་ཚད་ཧྲེ་ཧྲི་ཏུའུ30ལས་དམའ་བས་རེད།
        སྤུ་ཐུང་ཉ་ལྟོ་ཁྲར་དཔེར་བཞག་ན། རྒྱུན་ལྡན་གྱི་གནས་ཚུལ་འོག་དེས་སྒོ་ང་ཆུ་རྒྱུན་ཁྲོད་ནས་གཏོང་པ་རེད། དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་ལ་ཉ་ཕྲུག་མ་སྐྱེས་གོང་ཆུ་རྒྱུན་དང་འགྲོགས་ནས་ཡར་ཐུག་མར་ཐུག་བྱེད་པ་དང་། སྒོ་ང་ལས་ཕྱིར་ཐོན་མ་ཐག་ཡང་རྒྱང་ཐག་རིང་པོ་ནས་ཕྱིར་འཆོང་བ་ཡིན། འགྲམ་ངོགས་ཀྱི་མི་རྣམས་ཀྱིས་ཆུའི་ནང་གི་ཉ་མོར་སེམས་ཁུར་བྱེད་མི་དགོས།  དེ་དག་གི་ཀླད་པར་གཡོ་འགུལ་ཐེབས་མི་སྲིད་པ་མ་ཟད་ཚོར་བ་ཡང་སྐྱིད་པོ་འདུག
        ཨ་མ་རྒན་མོ་ཞིག་ཉ་མོ་གློད་གཏོང་བྱེད་པའི་གྲལ་དུ་ཞུགས་ཡོད། མོ་ལ་ཆ་མཚོན་ན་མི་ཐབས་ལ་བརྟེན་ནས་ཉ་ཕྲུག་སྙོལ་བའི་འགྱིག་ཁུག་ཅུང་ལྕི་ཡང་། མོར་མཚོན་ན་ཁུག་མའི་ནང་གི་ཉ་ནི་སྙིང་ཉེ་ཞིང་གཅེས་པར་འོས་པ་ཞིག་རེད། ལས་དོན་མི་སྣས་ཁུག་མ་དེ་བསྐྱལ་ཡོང་བ་དང་མོས་ཁུག་མའི་ནང་གི་ཉ་མོ་ལ་ལྟ་བཞིན་རང་ཉིད་འདི་དག་གློད་གཏོང་བྱེད་པའི་ཆེད་དུ་འོང་བ་ཕལ་ཆེར་བརྗེད་སོང་བ་འདྲ། མ་རེད། མོས་བརྗེད་མེད། མོས་འཁྱུག་རྩེད་བྱེད་བཞིན་པའི་ཉ་མོ་དེ་དག་ནི་མོའི་རྗེས་རབས་པ་དང་འདྲ་བར་ཕ་ཚ་བུ་རྒྱུད་རྫོགས་མཐའ་མེད་པ་རེད། མི་འདྲ་ས་ནི་ཉ་མོ་ཆུ་བོའི་ནང་དུ་འཚོ་བ་དང་མོའི་རྗེས་རབས་པ་རྣམས་ནི་ས་ཐོག་ནས་འཚོ་བ་ཡིན་ལ་འདྲ་ས་ནི་ཉ་མོ་དང་མོའི་བུ་རབས་ཚ་རྒྱུད་ཀྱིས་འཐུང་ཆུ་ཚང་མ་ནི་འབྲི་ཆུའི་ཆུ་ཡིན་པ་དེའོ། །

        ཨ་མ་རྒན་མོ་དང་ལས་དོན་མི་སྣས་ཉ་ཕྲུག་ཁུག་མ་གང་རེ་བཞིན་གཙང་བོའི་ནང་དུ་གཏོང་བ།
        ལས་དོན་མི་སྣའི་རོགས་རམ་འོག   ཨ་མ་རྒན་མོས་ཉ་ཕྲུག་ཁུག་མ་གང་རེ་བཞིན་གཙང་པོའི་ནང་བཏང་ཞིང་། ཨ་མ་རྒན་མོས་དེ་དུས་དམག་སྡེ་བཅོ་བརྒྱད་པ་བོད་བསྐྱོད་ལམ་བར་དུ་འབྲུ་རིགས་མང་པོ་འཁྱེར་མེད་པས་ཁོང་ཚོས་ས་གནས་དེ་གའི་མི་རྣམས་ཀྱི་ས་ནས་འབྲུ་རིགས་མི་བསྡུ་བ་དང་མི་ཁ་ཤས་ལྟོགས་ནས་སྐྲངས་འདུག གཙང་པོའི་ནང་གི་ཉ་མོ་འཛིན་སླ་ཡང་སྒྲིག་ཁྲིམས་དང་འགལ་ནས་ཉ་འཛིན་མཁན་གྱི་འཐབ་འཛིང་པ་གཅིག་ཀྱང་མེད། བོད་རིགས་ཀྱིས་ཉ་ལ་བཀུར་ཞིང་ཉ་མི་འཛིན་པ་དང་ཉ་མི་ཟ་བས་བཅིངས་འགྲོལ་དམག་གིས་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་ལྟོགས་ཤི་ཐེབས་རུང་ཉ་བཟུང་ནས་ལྟོགས་པ་སེལ་གྱིན་མེད་ཅེས་ཟེར།
        མི་རབས་རྒན་གྲས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་གྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རྩམ་པའི་ཆངས་བུ་བཞིན་དམ་པོར་བསྡམས་པ་དང་། ད་ཆ་དུས་རབས་གསར་པར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གཏམ་བཟང་སླར་ཡང་གྲགས་ཡོད། འབྲི་ཆུའི་ཉ་རིགས་ཐོན་ཁུངས་སླར་གསོ་བྱ་ཆེད་སྲིད་གཞུང་གིས་ད་ལོ་ནས་བཟུང་དུས་ཡུན་ལོ་བཅུ་ཡི་ནང་ཉ་རིགས་འཛིན་མི་ཆོག་པའི་བཀའ་རྒྱ་བཏང་ཞིང་། ས་གནས་དེ་ག་ནས་ཀྱང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་དང་སྲིད་གཞུང་གིས་ཉ་རིགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཡོད་པས་འབྲི་ཆུའི་ནང་གི་ཉ་མོ་ནི་སྔོན་ཆད་ནང་ལྟར་རྦ་རླབས་ཀྱི་རྒྱུན་དང་བསྡོངས་ནས་ཅི་དགར་རྩེན་བཞིན་གདའོ། །
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1