གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

མྱུག་ཆར།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༡ཉིན།

༄༅།།ཨ་མའི་རབ་བྱེད།


ཀན་ལྷོ། མྱུག་ཆར།

དང་པོ།

བསྒྲུན་མེད་ལྷ་ཡི་བདུད་རྩི་འདྲ་བའི་བརྩེ་དྲོད་འཇམ་པོས་བྱིལ་བྱིལ་ངང་། །
བུས་པའི་ལང་ཚོ་ཡུན་གྱིས་བསྐྱངས་ཏེ་མི་ཡི་གྲལ་ངོ་ཟིན་པའི་ཚེ། །
གཅེས་པས་ལམ་སྟོན་མཛད་པའི་སྐུ་དྲིན་གངས་དཀར་སེམས་ཀྱི་ཟབ་ས་ནས། །
དེ་རིང་ཡིད་ལ་ཝ་ལེར་ཤར་ན་ཨ་མ་དཔག་བསམ་ལྗོན་པ་འདྲ། །
ལས་སྔོན་བཟང་པོས་བསྐལ་མང་རྙེད་དཀའ་རང་ལམ་རང་གིས་ཆོད་པ་ནས། །
འདས་པའི་ལོ་ཟླ་རྟ་ཕོའི་བང་བཞིན་གར་སོང་ཆ་མེད་གྱུར་ན་ཡང་། །
དུངས་པའི་རིན་འབབ་འཁོར་མཐའ་དབེན་པའི་དྲིན་གྱི་བུ་ལོན་ལྗིད་པོ་ཞིག །
རྒྱུས་མེད་དུས་ཀྱི་སོ་ཁར་འགྲེང་བའི་ནུས་མེད་ཕྲག་ན་ལྗིད་ཡོར་ཡོར། །
དང་པོ་སྦོས་པའི་ལྟོ་བ་ཟླུམ་པོ་གོས་ཀྱི་ཐུ་བས་མི་ཁེབས་དུས། །
གདུང་བའི་མྱ་ངན་སེམས་ལ་བསྒོམས་ནས་དུས་ཀྱི་ཉིན་ཞག་རེ་རེ་བསྐྱལ། །
དཀར་འཇམ་གཞོན་ཤའི་གདོང་ལ་ཆགས་པའི་དྲི་མའི་མནོལ་དང་སེམས་ངལ་གྱིས། །
ཨ་མའི་ལུས་ཕུང་ཟུངས་བཞིན་ཟད་པས་རབ་དཀར་གདོང་གི་རང་མདངས་ཡལ། །
གོམ་ཁ་ལྗིད་མོའི་ཁ་གྲངས་བར་ནས་སྐྱིད་སྡུག་འཚོ་བའི་རྔམ་ཁ་བརྟོལ། །
ཉིན་རེའི་འགུལ་གྲངས་རྩིས་སུ་གཉེར་ནས་བདེ་འཚམ་ཡིན་མིན་སྙིང་ལ་གཉེར། །
འཇིགས་སྣང་ངན་ངོན་སེམས་སུ་འཛིན་བཞིན་རེ་སྒུག་ལོ་ཟླར་འཁྲེང་ཞིང་ཞེན། །
བསམས་ཤིང་བསམ་ན་འཇིག་རྟེན་ཨ་མ་བྱང་ཆུབ་སེམས་དཔའ་ཀུན་ལས་ལྷག །
གསུས་པའི་བོངས་ཚད་ཇེ་ཆེར་གྱུར་ཏེ་འགྲོ་འཆག་ཉལ་འདུག་མི་བདེ་དུས། །
ཟས་ཀྱི་ཡི་ག་ཇེ་ཆུང་གྱུར་ཏེ་དཔའ་ངར་སྙིང་རྩ་ཇེ་གཉོམ་གྱུར། །
ཟླ་དྲུག་ཟླ་བདུན་ཁད་ཀྱིས་བཞུད་ནས་ཟླ་བརྒྱད་ཟླ་དགུ་བསླེབ་ཉེ་དུས། །
བཙའ་རན་ཉིན་མོར་ཉེ་ཞིང་ཉེ་བས་ཨ་མའི་སེམས་ཁམས་སུ་ཡིས་ཚོར། །
དགྱེ་སྒུར་ངལ་བས་དབུགས་ཀྱི་རྒྱུ་བ་ལྷེམ་ལྷེམ་ལེན་པའི་དུས་སྐབས་ལ། །
བཟོད་དཀའི་ན་ཟུག་ཁོག་ལ་བཅུག་ནས་གདུང་བའི་མྱ་ངན་སེམས་ནས་སྒོམ། །
ངུ་སྐད་ཐོག་མའི་འབོད་པ་དང་བཅས་འཇིག་རྟེན་འདི་རུ་སླེབས་ཙ་ན། །
གཅེས་པའི་བུ་ཞེས་པང་དུ་ལེན་ཞོར་དགའ་སྤྲོའི་འཛུམ་མདངས་འོད་དུ་འཚེར། །
ངལ་བའི་ཐིགས་ཕྲེང་ས་ལ་ཐོར་ཡང་ལེ་བདའི་སྐད་ཆ་མེད་པ་ཡི། །
འཇིག་རྟེན་འདི་ཡི་ཨ་མ་དག་ནི་འཕགས་མ་སྒྲོལ་མའི་སྤྲུལ་བར་སྙམ། །
སྐལ་བཟང་དུས་ཀྱི་ཉི་མ་གཞོན་ནུ་སྲིད་པའི་ས་ལ་འཕྲོས་པ་ནས། །
ན་ཆུང་ང་ཡི་ལང་ཚོའི་མེ་ཏོག་ཡུན་གྱིས་འབུས་པའི་རྟེན་འབྲེལ་འགྲིག །

གཉིས་པ།

ཉིན་མཚན་ཁོར་མོ་རེས་སུ་འཁོར་བའི་དུས་ཀྱི་ཉིན་ཞག་རེ་རེ་ལ། །
བྲང་གི་ནུ་ཞོ་ཕངས་མེད་བསྣུན་རྗེས་གཅེས་པའི་ཚིག་གིས་ཡང་ཡང་འབོད། །
བདེ་ལྡན་བལ་འཇམ་དྲོན་མོའི་ཁུད་དུ་སེམས་ཆུང་ངང་དུ་བསྙལ་བའི་རྗེས། །
གཅིན་སྟན་བརྗེ་སྤོར་བསྟུད་མར་བགྱི་ལ་བཤང་གཅི་གཙང་མར་རྒྱུན་དུ་བྱས། །
ཚ་གྲང་རན་པའི་རྩམ་ཐུག་ལ་སོགས་ཟས་རིགས་གར་བོ་ཁེམ་བུ་ཡིས། །
ལེགས་པར་བསྐྱོར་ཏེ་དགའ་སྤྲོ་དང་བཅས་བུ་ལ་གཉོར་སྐྱོང་མཛད་པའི་མས། །
བུ་ཡི་བདེ་སྡུག་སེམས་ཀྱིས་བརྟགས་ཏེ་སེམས་ཀྱིས་འཚོལ་བའི་ལོ་ཟླ་དག །
སུ་དང་གང་གིས་བཤད་པར་མི་ནུས་བཀའ་དྲིན་རི་རབ་ལས་ཀྱང་ལྕི། །
ལོ་ཟླའི་བགྲོད་པ་ཡུན་གྱིས་ཕྱིན་ཏེ་གོག་ཅིང་ནུར་བའི་དུས་སྐབས་སུ། །
རྩེད་ཆས་ལ་སོགས་ཅ་ལག་ཇི་སྙེད་ཁ་ལ་འཇོག་གྲབས་བྱེད་པའི་མོད། །
སེམས་ཚེགས་དང་བཅས་མྱུར་མོར་བླངས་ཏེ་བདེ་འཇགས་ཡིན་པའི་གནས་མལ་དུ། །
གཅེས་པའི་ངང་ལ་བསྐྱལ་བའི་ཚེ་ན་ད་གཟོད་སེམས་ཁྲལ་མེད་པར་བྱས། །
ལངས་མ་གོག་གིས་འཁྱར་འཁྱོར་གོམ་པའི་འདེགས་འཇོག་བསྒྱུར་བའི་མགོ་རྩོམ་དུས། །
གཡས་ནས་བསྐྱོར་ཅིང་གཡོན་ནས་ཁྲིད་དེ་རང་འགུལ་ངང་དུ་ལངས་ཚུལ་བསླབས། །
ཨམ་ཙེ་གོམ་ཙེ་སློབ་པའི་དུས་སུ་སེམས་ལ་དགའ་སྤྲོ་སྐྱེ་བཞིན་དུ། །
བུ་ཡི་མ་འོངས་བློས་བསླངས་བྱེད་ཞོར་གསོལ་འདེབས་ལྷ་ལ་ཡང་ཡང་ཞུས། །
ཆུང་ཞིང་ཆུང་བའི་ཕུང་པོའི་ཁམས་དང་ལུས་ལ་སྨན་པའི་གྱོན་པ་སོགས། །
རྔུལ་ཁྲག་འདྲེས་མའི་རྒྱུ་དང་ནོམ་པས་ཅི་འདོད་བཞིན་དུ་ཉོ་བར་བྱས། །
གྲང་ལྟོགས་བཀྲེས་སྐོམ་གང་མཁོའི་དུས་སུ་ངུ་ཤུམ་ཐེངས་གཅིག་བྱེད་པའི་མོད། །
དགོས་འདོད་ཇི་བཞིན་མྱུར་དུ་བརྒྱུགས་ནས་ངུ་མཚམས་གཅོད་ལ་གྲངས་ཀ་མེད། །
ཀུན་གསལ་བུ་མོའི་འཛུམ་པའི་ཞལ་རས་རྔམ་གནག་སྨག་གིས་བཅོམ་པའི་དུས། །
བུ་ཆུང་ཇོ་རུའི་གཏམ་རྒྱུད་མཚར་པོས་མུན་ནག་མཚན་མོ་བསྐྱལ་རོགས་དང་། །
མཚན་གུང་རེ་རེར་རྟོགས་པར་དཀའ་བའི་ངུ་སྐད་དྲག་པོ་འདོན་པའི་ཚེ། །
གཅེས་པའི་བུ་ཞེས་བྲང་ལ་གླན་ཞོར་འཇམ་པོ་ཕྱག་གིས་བྱིལ་བྱིལ་བྱས། །
འཇིག་རྟེན་ཆོས་དག་རིམ་གྱིས་ཁྲིད་ནས་ཕ་མ་གཉིས་པོ་ངོས་ཟིན་དུས། །
རྐང་པའི་ཚིགས་ཆེན་ནད་ཀྱིས་བཟུང་ཡང་ཉིན་གཅིག་ཁོམ་ལུང་མེད་པའི་མས། །
ཕྱུགས་ཟོག་འཚོ་སྐྱོང་ཁྱིམ་ལས་ཙག་ཙིག་གཅེས་པའི་བུ་ལ་སེམས་ཁུར་སོགས། །
འཚོ་བའི་མེ་ཁ་གསོ་བའི་ཕྱིར་དུ་འབད་བརྩོན་ལྷོད་མེད་བྱས་པ་མཚར། །
བགྲང་བྱ་རེ་གཉིས་ཡུན་གྱིས་འཁོར་ནས་བྱིས་པའི་རྩེད་རར་འཇུག་པའི་དུས། །
སྣབས་དང་ཁ་མཆུའི་མི་གཙང་བ་དག་རང་གི་གོན་པས་གཙང་མར་ཕྱིས། །
ཉིན་རེར་རྩེད་འཇོའི་རྣམ་གཡེང་ཁྲོད་ཀྱི་བུ་ཡི་གར་སོང་མ་ངེས་ན། །
དྲག་ཏུ་ལྡིང་བའི་སྙིང་གི་འཕར་ལྡིང་འཇགས་པའི་དུས་ཤིག་ཡོད་མྱོང་མེད།
སྐྱིད་སྡུག་མི་རྟག་བསམ་ཚོད་མི་ཐེག་འཇིག་རྟེན་འཁོར་བའི་རི་གྲོང་ནས། །
བུ་ཡི་བདེ་སྡུག་སེམས་ཀྱིས་འཚོས་ནས་ལོ་ཡི་ཐེམ་པ་བརྒལ་བའི་དུས། །
གཞན་རིགས་བུད་མེད་རྒན་གཞོན་མང་པོས་རྒྱན་ཆའི་འགྲན་རྩོད་ཆེར་བསླངས་ཏེ། །
མཛུབ་མོའི་སྐེད་པ་ཉག་ཉག་ཆགས་པའི་གསེར་གྱི་མཛུབ་དཀྲིས་གོན་པ་འགྲན། །
འདྲ་མིན་ཆ་ལུགས་མང་པོར་ཆགས་ནས་རང་གི་འདོད་པ་སྤངས་པའི་མས། །
བུ་ཡི་འཚར་ལོངས་སེམས་ལ་བཅུག་ནས་དགའ་སྤྲོའི་འཚོ་བ་སེམས་ཀྱིས་བསྐྱངས། །
སྐད་ཆ་བཤད་ལུགས་གོན་པ་གོན་ལུགས་མ་མཐའི་འཚོ་བའི་རྒྱུན་ཤེས་དག །
སྙིང་གི་བུ་ལ་ནན་གྱིས་ཁྲིད་དེ་ཀུན་སྤྱོད་གཙང་མའི་གུས་སྲོལ་བསླབས། །

གསུམ་པ།

ལོ་ཟླའི་བུ་མོས་དགའ་སྤྲོ་ལྷང་ལྷང་བཀྲ་ཤིས་གླུ་དབྱངས་ལེན་པའི་དུས། །
ཀ་ཁ་ག་ངའི་རྨི་ལམ་བསམས་ནས་གཅེས་ཕྲུག་སློབ་གྲྭར་མངགས་པ་ན། །
དགའ་སྐྱིད་འཛུམ་མདངས་བཞིན་ལ་ཤར་བཞིན་བདེ་སྐྱིད་སློབ་གྲྭར་འགྲིམ་པའི་བུས། །
ལྟོགས་སྡུག་མྱོང་བར་སེམས་ཁྲལ་དང་བཅས་ཟས་ཀྱི་རྫོང་བ་བསྒྲིགས་ནས་བྱིན། །
རྒྱབ་ལ་རན་པའི་དཔེ་ཁུག་དང་བཅས་ཐོག་མའི་དུས་ཀྱི་གྲ་སྒྲིག་དག །
སུ་ཡིས་མ་སྐུལ་གང་གིས་མ་བཤད་སྔ་མོར་ཚགས་སུ་ཆུད་པར་བྱས། །
ཡུན་རིང་མ་ལོན་གཅེས་པའི་བུ་ཆུང་སློབ་གྲྭར་འགྲོ་བའི་དུས་ཐོན་དུས། །
འཁྲེང་བའི་ཞེན་ཆགས་བུ་ལ་ཤོར་བའི་ཨ་མའི་གསང་བ་མིག་ལས་མཐོང་། །
ནངས་མོ་ཉིན་བྱེད་དབང་ཕྱོགས་ས་འཛིན་མལ་ལས་ལངས་པར་རྩོམ་སྐབས་དང་། །
དགོང་མོ་བརྗིད་ཆགས་ནུབ་རིའི་ཕང་བར་དལ་གྱིས་གཟིམ་པར་བཞུད་པའི་ཚེ། །
བུ་ཡི་བདེ་སྡུག་སེམས་ལ་སྒོམ་བཞིན་རེ་སྒུག་ཡང་ཡང་བྱས་པའི་མཐར། །
དྲན་པའི་གདུང་མ་ཁོག་ལ་བཅུག་པའི་བྱམས་ལྡན་ཨ་མའི་སེམས་ཁྲལ་ལྕི། །
དབྱར་གསུམ་ཆར་ཆུའི་འཇིགས་པ་ཆེ་དུས་བུ་ཡི་བདེ་སྡུག་ཞེ་ན་ལུས། །
དགུན་གསུམ་གྲང་ངར་འཁྱག་གིས་གཟེར་དུས་བུ་ཡི་ཕྱོགས་ལ་སེམས་ཁྲལ་སོགས། །
མི་རྟག་ལོ་ཟླའི་གདུག་རྩུབ་ཀུན་ལ་བུ་ཡི་ཆེད་དུ་རྒོལ་མཁས་མ། །
དྲིན་ལ་མཐའ་མེད་ཇི་ལྟར་བྲིས་ཀྱང་ཁྱོད་ཀྱི་བློ་སྤོབས་མཚོན་མི་ནུས། །
མཁོ་དགུའི་འབྱོར་བ་ཤིན་ཏུ་འཛོམས་པའི་མ་ཡུམ་སློབ་གྲྭའི་གླིང་ཀ་ན། །
ཟས་རིགས་གནས་མལ་གོན་པ་ལ་སོགས་མཐུན་རྐྱེན་མང་པོ་འཛོམས་ན་ཡང་། །
རང་ཡུལ་ཕྱོགས་ནས་སློབ་གྲྭར་འགྲོ་བའི་མགྲོན་པོ་དེ་ཚོ་ཡོང་ཐེངས་རེར། །
ཟས་ཀྱི་སྐལ་བ་ཆད་པ་མེད་པའི་ཨ་མའི་བརྩེ་བ་ཡང་ཡང་དྲན། །
སློབ་གྲྭའི་འཚོ་བ་རེ་ཞིག་བསྐྱུར་ནས་ཡུལ་ལ་ལོག་པའི་དུས་བྱུང་ཚེ། །
མ་ལོའི་གཅེས་ཕྲུག་ཡུལ་ལ་ལོག་བྱུང་ཞེས་ཀྱང་ཡང་ཡང་དགའ་འབོད་བྱས། །
བུ་ལ་བསྐྱུར་བའི་ཟས་སྣ་མོད་པའི་བུ་ཡི་དགོས་འདོད་བསྐངས་པ་ན། །
རང་སེམས་དྲོན་མོ་དགའ་བདེས་ཁྱབ་སྟེ་རྣམ་རིག་མེ་ཏོག་ལྷུག་པོར་གྲོལ། །
སླར་ཡང་ངལ་གསོའི་དུས་ནི་ཟད་དེ་སློབ་གྲྭར་འགྲོ་ལ་ཉེ་བའི་དུས། །
གོན་པ་ཡོད་ཚད་གཙང་མར་བཀྲུས་ཏེ་ཡོ་ཆས་ལ་སོགས་བསྒྲིགས་པ་དང་། །
བྲང་གི་ཁུག་མ་སྟོང་བའི་ནང་ནས་སྒོར་རྡོག་རྙིང་པ་བཅུ་ཕྲག་འགས། །
གཅེས་པའི་བུ་ལ་ལམ་འཇུག་བྱེད་པའི་ཨ་མའི་སེམས་པ་གངས་ལས་དཀར། །
ཤེས་བྱའི་སྦྲང་ཆར་འཐུང་བའི་རྩེས་དགས་ལུས་ཀྱི་འཁྲི་ཤིང་རྒྱས་པའི་ཕྱིར། །
དྲིན་ཆེན་ཨ་མས་བདེ་བ་ཡོངས་དོར་ཡོད་ཚད་བུ་ཡི་ཆེད་དུ་ཕུལ། །
དཀའ་བའི་ལས་ལ་འབད་བརྩོན་བྱས་ཏེ་ལོ་ཟླའི་ན་ཟུག་རླུང་བསྐུར་ནས། །
བུ་ཡི་བདེ་སྐྱིད་ཁོ་ནར་བརྩོན་པའི་ཨ་མའི་དཔའ་ལ་འགྲན་ནུས་སུ། །
མི་ཡི་ལུས་རྟེན་གནང་བའི་ཨ་མ་མི་ཁོམ་ལས་ལ་བྲེལ་བའི་ཞོར། །
མ་ཎི་ཡི་གེ་དགེ་བ་ཀུན་ཀྱང་བུ་ཡི་དོན་དུ་ཡང་ཡང་བསྔོ། །
ཚིག་རྩུབ་སྐྱོན་གྱིས་གོས་པ་མེད་པའི་འཇམ་པོ་ངག་གིས་ལོ་ལོ་ཞེས། །

འཛུམ་དཀར་ལྷུག་ལྷུག་བུ་ལ་སྟོན་པའི་ཨ་མ་ནམ་ཡང་བརྗེད་དུ་མེད།


བཞི་པ།

དུས་ནི་མི་སྡོད་རྟ་ཕོའི་བང་བཞིན་སྐད་ཅིག་ཉིད་ལ་ཟད་གྱུར་ཏེ། །
གཅེས་པའི་བུ་ཡང་གཉོམ་ལག་རྒྱས་ནས་མི་ཡི་གྲལ་དུ་ཐོན་ན་ཡང་། །
ཨ་མའི་ཐུགས་བརྩེ་སྔར་ལས་འཇམ་ལ་གཅེས་པའི་ཚིག་ཀྱང་སྔར་བཞིན་སྙན། །
བུ་ཡི་ཆེད་དུ་བློས་གཏོང་ཕོད་པའི་དཔའ་མཛངས་དེ་ཡང་སྔར་བཞིན་ལྡན། །
ཡོད་ཡོད་ཐམས་ཅད་བུ་ལ་དགོས་ཞེས་ཁ་རོག་གཞན་ལ་གསང་བ་དང་། །
འགྲིག་འགྲིག་ཐམས་ཅད་བུ་ལ་འཚམ་ཞེས་གང་མཁོ་ཉོ་བའི་བྱམས་ལྡན་མ། །
དུས་ཀུན་སྤྱན་གྱིས་བུ་ལ་གཟིགས་ཏེ་བུ་ལ་སེམས་ཚེགས་བྱས་ན་ཡང་། །
སྙིང་རབ་སྨྱོས་པའི་དུས་ཀྱི་བུ་ཡིས་ཨ་མའི་སེམས་ཁམས་གང་ལ་ཚོར། །
འགྲན་མེད་ཤེས་རིག་ནོར་ལ་མི་དགའ་དུས་ཀྱི་བྱིས་པ་བསམ་མེད་པོས། །
ཤེས་རིག་གསེར་གྱི་མར་ཁུ་མི་འཐུང་བརྩེ་དང་འདུན་མའི་སྐྱུར་ཁུ་འཐུངས། །
སྲོལ་དང་ཡ་རབས་ལུགས་བཟང་མི་སློབ་མ་རབས་སྤྱོད་པའི་འཚེ་བ་བསླབས། །
ཡིན་དང་མིན་གྱི་དབྱེ་བ་མི་ཤེས་མི་ཡི་འགྲོ་ལུགས་རྡོག་བརྫིས་བཏང་། །
དགེ་རྒན་དམ་པའི་གསུངས་ལ་མ་ཉན་སློབ་གྲྭའི་སྒྲིག་ལ་ཡང་ཡང་འགལ། །
དྲིན་ཆེན་ཨ་མའི་ཚིག་བཞིན་མ་བརྩིས་དོན་མེད་འུད་ཀྱི་རྗེས་སུ་འབྲངས། །
ཕྱི་དང་ནང་གི་གནས་ཚུལ་མི་ཤེས་རང་མགོ་རང་གིས་གཡོགས་པར་མཁས། །
དོན་གྱི་གནད་ལ་དཔྱོད་ཤེས་མེད་པའི་བུ་རུལ་ང་འདྲ་ཨ་མའི་སྡུག །
ཨ་མའི་དྲིན་ལ་བསམ་ཤེས་ལྟ་ཞོག་ཁ་ལོག་མིག་ལོག་བྱས་པའི་ཉེས། །
ཨ་མའི་ཐུགས་ལ་སྤྲོ་དགའ་ཕར་ཞོག་བག་མེད་འཚོ་བ་རོལ་བའི་ཉེས། །
ཨ་མའི་གསུངས་ལ་བཀུར་བསྟི་ལྟ་ཞོག་ཆང་འཐུང་རྒྱན་སྐུག་བྱས་པའི་ཉེས། །
ཨ་མའི་སྐུ་ལ་ཞབས་ཏོག་ལྟ་ཞོག་དོན་མེད་སེམས་ཚེགས་གཏད་པའི་ཉེས། །
འདི་འདྲའི་ཆོ་མེད་འཚོ་བར་གོམས་པའི་བུ་རུལ་ང་འདྲའི་རིགས་དག་གིས། །
ཨ་མའི་རེ་འདུན་ས་ལ་བསྲེས་ནས་རང་མགོ་མཐོན་པོར་བསྒྲེངས་ན་ཡང་། །
རང་དོན་ཁམ་བུའི་འགྲམ་པར་བསླད་སྐྱོན་འབུ་སྲིན་སྟོང་གིས་སྦགས་སྐབས་སུ། །
ཨ་མ་ཁོ་ནའི་གཅེས་པའི་བུ་ལ་ཡང་ཡང་སེམས་གསོ་བྱས་པ་རྨད། །
མདུན་སྐྱོད་ཅང་ཤེས་རྟ་ཕོར་དབང་སྒྱུར་སྒྲོག་གིས་ཉེ་བར་འཆིང་སྐབས་སུ། །
རྒྱབ་ནས་བསྐྱོར་ཅིང་སྔུན་ནས་འཐེན་བཞིན་ཨ་མའི་སེམས་ཤུགས་བརྟན་པོ་ཡིས། །
བུ་ཡི་གོམ་ཁ་རྒྱང་ལ་སྤོ་བར་དུས་ཀུན་བསྡོངས་གྲོགས་མཛད་པའི་མཐུས། །
བུ་ལ་ད་ལྟ་བདེ་སྐྱིད་འཚོ་བའི་བགོ་སྐལ་འདི་འདྲ་ཐོབ་པར་འདོད། །

ལྔ་པ།

ལས་དབང་རླུང་ཁའི་དར་ལྕོག་གཡུག་སའི་རི་མ་ཐང་གི་བཞི་མདོ་ན། །
དཀའ་ཚེགས་རི་མོ་ལྷམ་མེར་གསལ་བའི་ཨ་མའི་ལས་དབང་ཉམ་རེ་ཐག །
ལུས་ཀྱི་ཤ་བསྐམས་འོད་ཀྱིས་ཚིག་ལ་ལག་ངོར་སེར་གས་གང་བ་སོགས། །
འཁོར་བའི་འདམ་ནང་ལྷུང་བ་དྲན་ན་སེམས་ལ་བཟོད་མེད་ན་ཟུག་སྟེར། །
དབྱར་དགུན་སྟོན་དཔྱིད་དུས་ཚིགས་ཀུན་ལ་ཁོམ་ལོང་ཕྲན་ཙམ་མེད་པའི་ངང་། །
རོང་མ་འབྲོག་གི་བྱ་ལས་རེ་རེ་རང་གི་རྩོལ་བས་ཡོངས་གྲུབ་སྟེ། །
འཛུམ་དཀར་ལྷུག་ལྷུག་འཛུམ་པའི་ཞལ་རས་མི་སྡུག་གཉེར་མའི་ཁེབས་པའི་དུས། །
ལང་ཚོའི་མདངས་བཟང་མེ་ཏོག་ནང་བཞིན་དུས་ཀྱི་བ་མོས་བཅོམ་ནས་ཚར། །
དཔྱིད་ནག་ཁ་ཆར་བབས་པའི་ཉིན་ནས་ཁོམ་ལོང་ཡེ་ཙམ་མེད་པའི་ངང་། །
སོན་འདེབས་ལས་ཀྱི་སྟ་གོན་ཐོག་མ་རྨོན་དོར་མཁོ་ཆས་བསྒྲིགས་པ་དང་། །
རྣང་མའི་རོང་ཁ་ཕྱེ་བའི་ཚེ་ན་རྔུལ་ཆུ་ས་ལ་འགྲིལ་བ་སོགས། །
བཤད་ན་ལུས་ཀྱི་སྤུ་ལོང་གཡོ་བའི་དཀའ་བའི་ལས་འདི་ཨ་མས་བྱས། །
དབྱར་གྱི་མེ་ཏོག་ཡུན་གྱིས་བཞད་ནས་མཛེས་སྡུག་གསར་པའི་མདངས་མངོན་དུས། །
ཕྱི་རོལ་ཁོར་ཡུག་སྐྱིད་དུ་སྣང་ཡང་ངལ་གསོ་དོག་ཙམ་མེད་པའི་མས། །
རྐང་རྗེས་སྐྱ་མོ་ཐང་ལ་བརྡལ་ནས་ཁྱིམ་དང་མཚེར་སའི་བར་ཐག་དང་། །
དཀར་ནག་ཕྱུགས་ཀྱི་མཆན་ཁུང་འོག་ནས་མི་ཚེའི་ལོ་རྒྱུས་དབྱངས་སུ་འཐེན། །
ལྕི་འདམ་རིལ་མའི་ལས་ཚེགས་བར་ནས་རྔུལ་ཆུའི་ཐིགས་པ་སར་བསྲེས་ནས། །
མར་ཕྱུར་འོ་ཞོའི་ལོངས་སྤྱོད་ཁྱེར་ནས་གཡང་ཁྱིམ་གྲུ་བཞིའི་བདེ་སྐྱིད་བསུས། །
སུག་བཞིའི་གྲོང་དུ་འདུར་རྒྱུག་མང་བས་ཐུ་སྣེ་ཨ་ཀྲད་འགྲམ་ཆད་འདྲ། །
བསམས་ཤིང་བསམ་ན་གཅེས་པའི་ཨ་མར་ཁོམ་པའི་དུས་ཤིག་མི་འདུག་ཨང་། །
མུན་ནག་མཚན་མོའི་མཚན་དཀྱིལ་རེ་རེར་ཆར་ནག་དྲག་པོ་བབས་ན་ཡང་། །
རྟ་ནོར་ལུག་གི་མཐའ་ནས་བསྐོར་ཏེ་ངལ་གསོ་ཅུང་ཙམ་མེད་པའི་མའི། །
ལོ་མང་གོན་པའི་ལྭ་བ་རྙིང་པ་བརླན་ནས་རློན་པར་གྱུར་ན་ཡང་། །
འཁོར་བའི་མཐའ་ན་ཁོམ་ལོང་མེད་པའི་ལས་དབང་འདི་ཡང་ཉམ་རེ་ཆུང་། །
ཐོ་རངས་སྐར་མ་མ་ཤར་གོང་ལ་གཉིད་བཅག་ཐེབས་ཀྱང་ཡར་ལ་ལངས། །
སྐྱབས་འགྲོ་འདོན་ཞོར་བཞོ་ཟེའུ་བཟུང་ནས་བཞོ་ལ་བྲེལ་བའི་ཨ་མ་ཡིས། །
ལྕི་བ་འཐུ་བའི་ལས་ཀ་ལ་སོགས་ཉིན་རྒྱུན་འཚོ་བའི་བསྐྱར་ཟློས་ལ། །
སུན་སྣང་མེད་པའི་རྣམ་འགྱུར་འདི་འདྲ་སུ་དང་གང་གིས་སྟོན་ཐུབ་བམ། །
འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་སྟོན་ཟླ་གསར་པའི་དབུ་ཚུགས་དུས། །
འགྲོ་འདུག་ཏོག་ཙམ་བདེ་བར་སྣང་ཡང་བརྒྱད་པའི་སྟོན་ལོ་ཐོན་ཙ་ན། །
རྣོ་འཇམ་ཟོར་ཁ་རང་ལ་བསྐོར་ནས་ངལ་བའི་ལས་ལ་བྲེལ་བའི་དུས། །
རྔུལ་ཆུ་ཁྲོམ་ཁྲོམ་དབུགས་ཡང་ཧད་ཧད་ཨ་མའི་དཀའ་སྡུག་དྲན་མི་ཕོད། །
ཤོག་ལེན་དང་ནི་སྙེ་མགོ་བརྡུངས་སོགས་སྟོན་ཟླ་འདི་ཡིས་དཀའ་ལས་དག །
འབད་པ་དྲག་པོས་བགྱི་བ་བླངས་ནས་རེ་རེ་བཞིན་དུ་སྒྲུབ་པའི་དུས། །
ཚི་ལེན་གོང་དང་ཆུ་རས་སྲུབས་སོགས་གང་སར་འཚང་བའི་གྲ་མ་ཡིས། །
བྱང་ཁོག་སྟོད་ལ་ཟ་འཕྲུག་ལ་སོགས་ཚོར་སྣང་མང་པོ་རུབ་རུབ་བྱས། །
གྲང་རླུང་འུར་འུར་ཙག་ཁ་རྒོད་རྒོད་དགུན་གྱི་ནམ་ཟླ་སླེབས་པའི་དུས། །
ཁ་ངོ་ཙག་གིས་ཕྱིད་དམ་སྙམ་ཡང་ཞོགས་པ་རེ་རེར་ཆད་མེད་དུ། །
རྟ་ནོར་ལུག་ལ་གསོ་ཆས་བྱིན་ཏེ་ཕྱུགས་ཀྱི་འཕེལ་ཁ་དར་དགོས་ཞེས། །
ཁྱིམ་གྱི་དོན་དུ་དཀའ་ཚེགས་མྱངས་པའི་ཨ་མ་དྲིན་ཆེན་ཡང་ཡང་དྲན། །
དྲུག་པ།

ཡ་རབས་སྤྱོད་པའི་རྩ་བ་ལེགས་བརྟན་སྙིང་རྗེའི་ཡལ་འདབ་བརྐྱངས་པའི་མའི། །
ལྷག་བསམ་མེ་ཏོག་ཆུན་པོའི་གདམས་ངག་དྲི་བསུང་ཀུན་ཏུ་འཐུལ་ན་ཡང་། །
སློབ་གསོའི་ར་བར་རྙིང་ཞེན་ཐན་པས་མུ་མེད་དཔུང་འཇུག་བྱེད་པའི་དུས། །
ཨ་མའི་དཀའ་བ་ཚོར་དུ་མེད་པའི་དུས་ཀྱི་རླུང་བུ་ཡང་ཡང་གཡུགས། །
འཚོ་བའི་ཁོར་ཡུག་མོག་པོར་སྣང་བའི་བོད་ཡུལ་ལུང་པ་ཆུང་ངུར་འདིར། །
ཨ་མ་རྣམས་ནི་གཡོག་ལ་ལྟ་ཞིང་བུད་མེད་ཡོངས་ལ་མཐོང་ཆུང་སོགས། །
སྲོལ་ངན་དྲི་མ་རིང་ནས་ཁྱབ་སྟེ་ད་ལྟའི་བར་དུ་སླེབས་པ་ན། །
རང་རིགས་རྗེས་ལུས་ཡིན་དང་མ་ཡིན་བྱིས་པའི་སློབ་གསོར་ལྟོས་དང་ཤེས། །
འཛམ་གླིང་ཟླུམ་པོར་འཕོ་འགྱུར་ཡིད་དགའི་བཀྲག་མདངས་གསར་པའི་མདངས་མངོན་དུས། །
ཕོ་མོ་འཆམ་མཐུན་ཤིས་ཚིག་མེ་ཏོག་གང་སར་བཞད་པའི་དཔལ་ཡོན་རྒྱས། །
མ་ནི་ཀུན་གྱིས་མཆོག་ཏུ་བཀུར་ནས་སྲོག་གི་བསྐྱེད་ཡུམ་ཡིན་ནོ་ཞེས། །
དགའ་འབོད་སྟོང་གིས་ཡང་ཡང་བསྔགས་སྐབས་རང་རིགས་ཨ་མའི་ལས་དབང་སྐྱོ། །
ཆ་འཕྲིན་གསར་པའི་ཡོ་ལང་རྒྱས་ནས་མི་རྣམས་དགའ་སྤྲོར་རོལ་བའི་དུས། །
ཨ་མའི་ལས་དབང་རི་ན་ལུས་པས་ཨ་མ་རི་མགོའི་རི་དྭགས་འདྲ། །
རྐང་རྗེས་ཟགས་སའི་རི་ལུང་ཐང་གི་ལང་ཚོའི་ཕྱིར་དྲན་རེ་རེ་ནི། །
ཡིད་འོང་ཚེ་ཡི་དྲན་ཤིང་ཡིན་ཞེས་ཨ་མའི་མིག་ན་གསལ་པོར་ཤར། །
སྡོད་སའི་གདན་ལ་ཨ་མ་མི་བཞུགས་ཕ་དང་ཨ་ཁུ་གྲལ་མགོ་དང་། །
གང་ཞིམ་ཟས་ཀྱང་ཨ་མས་མི་ཟ་ཟས་ཀྱི་ལྷག་འཕྲོ་ཟ་མཁན་མ། །


རྒུད་པ་ཆེན་པོས་ཡོངས་སུ་མནར་བའི་ལས་དབང་སྐྱ་བོའི་པང་ཁུག་ནས། །
བྱམས་བརྩེ་འོད་ཀྱིས་གཞན་མུན་སེལ་དོན་ཚེ་ཡི་སྐྱིད་ལ་རློམ་པ་མཚར། །
དེ་ལྟར་བསོད་ནམས་མར་གྱི་ཉིང་ཁུ་ལུས་བཟང་གསེར་གྱི་མཆོད་ཀོང་ལྟེམས། །
གཏོང་ཕོད་སྲིང་བལ་སྡོང་བུ་སྣུམ་པོས་སྲེད་ལྡན་ཡིད་ཀྱི་གུར་ཁྱིམ་འདེགས། །
གཞན་ཕན་ཚེ་ཡི་དྲོད་ཁོལ་འཇམ་པོས་ཚེ་ཡི་རིན་ཐང་འཚོལ་མཁས་མ། །
མིའི་རིགས་རིག་པའི་ངོས་ནས་བཀྲལ་ན་ཁྱེད་ཀྱི་རིན་ཐང་མངོན་དུ་མེད། །

བདུན་པ།

བཟང་འཇམ་མཛངས་པའི་དྲི་ཞིམ་སྤྲིན་རིས་གང་སར་ཁྱབ་པའི་བྱམས་ལྡན་མ། །
ལྷད་མེད་གཤིས་ཀའི་འཇམ་གཉེན་སྟེང་དུ་བྱམས་བརྩེའི་ཟེའུ་འབྲུ་བབས་པ་ནས། །
གཅེས་པའི་བུ་དང་སྙིང་གི་གྲོགས་ཀྱི་ཡིད་ལ་དགའ་བདེ་སྟེར་བ་སོགས། །
གཏོང་ཕོད་ལས་འདི་ཁྱོད་ཀྱིས་བྱས་ཏེ་དགའ་སྤྲོའི་ལོ་ཟླ་བསུས་ན་ཡང་། །
སྔར་བྱུང་ཁ་ལོག་མིག་ལོག་ལ་སོགས་ལས་ངན་སྤྱོད་པའི་བྱུང་བ་དག །
ད་ལྟ་འགྱོད་པ་དྲག་པོས་གཤེགས་སོ་བརྩེ་བའི་མ་ཡིས་དགོངས་ཡངས་མཛོད། །
ཕྱིས་འབྱུང་འཚོ་བའི་ཉིན་སྲིབ་ཀུན་ཏུ་དགའ་སྐྱོའི་རླུང་བུ་ལྡང་ཙ་ན། །
ངལ་དུབ་དཀའ་བ་ང་ཡིས་བླངས་ཏེ་ཁྱོད་ལ་ཞབས་ཏོག་བསྒྲུབ་ན་སྙམ། །
ཁྱེད་ཉིད་མི་འདོད་སྙུན་གྱིས་མནར་ན་ནད་གཡོག་གང་ཐུབ་ངས་བྱ་ལ། །
ཁྱེད་ཉིད་མི་བཟོད་རྐྱེན་དང་འཕྲད་ན་ཅི་ནུས་གཞོགས་འདེགས་ངས་བྱ་འདོད། །
ཁྱེད་ཉིད་བགྲེས་མོར་གྱུར་པའི་ཚེ་ན་རྒས་པའི་ལག་རྟེན་ང་ཡིན་ཕྱིར། །
དྲིན་ཆེན་མ་ལོ་སྲོག་གི་ཚབ་ཡིན་ནམ་ཡང་སྙིང་ལ་གཉེར་ནས་ཡོད། །


ཐུགས་དགོངས་ཤེལ་དཀར་བུམ་བཟང་ལས་འཁྲུངས་གདམས་ངག་བདུད་རྩིའི་ཐིགས་པ་དག །
ཅོལ་ཆུང་ང་ཡི་རྣ་བའི་གཏིང་ལ་བར་མེད་རྟག་ཏུ་ཐག་ཐག་ཟགས། །
མ་འོངས་ལམ་ཁ་གང་ལ་ཕྱིན་ཡང་ཨ་མའི་སྙིང་གི་རེ་བ་དག །
ནམ་ཡང་སེམས་ནས་འབོར་བར་མི་བྱ་དམ་བཅའི་སྙིང་ཕུར་རང་ལ་བརྡབ། །
ལེགས་མཛད་བྱེ་བས་མངོན་པར་རབ་མཐོ་མི་གཡོ་རང་རྒྱུད་བརྟན་པའི་མ། །
རྣམ་དག་སྤྱོད་བཟང་མེ་ཏོག་ཆུན་པོ་གངས་ལྗོངས་འཛིན་མའི་ཕང་བར་འཛུམ། །
ཀུན་ཡིད་བུང་བ་དབང་མེད་འཁོར་ཞིང་དར་དིར་དབྱངས་ཀྱི་རྫ་རྔ་འཁྲོལ། །
ཕན་བདེ་གྲིབ་བསིལ་འགོག་མེད་སྩོལ་བའི་ཁྱེད་ཀྱི་མཛད་པ་སྲིད་ན་དཀོན། །
བྱིས་པའི་རྨི་ལམ་རི་ནས་མ་བོར་སློབ་གསོའི་རྨི་ལམ་རྙེད་པ་ནས། །
བཞིན་ལ་འཛུམ་མདངས་རྒྱས་པའི་ཨ་མའི་ལུས་ལ་ནད་མེད་ཡོང་བ་གཙོས། །
རྐྱེན་ངན་བར་ཆད་ཀུན་ལས་གྲོལ་ཏེ་བདེ་སྐྱིད་ལོ་གཡང་འཁོར་བར་དུ། །
རྒྱལ་བསྟན་འོད་ཀྱི་དག་སྣང་འཚེར་ཏེ་འདི་ཕྱི་བདེ་བའི་ལམ་སྟོན་ཅིག །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1