གཙོ་ངོས།>> གནས་མཇལ།>>ཡུལ་སྐོར་ཟིན་བྲིས།

འཇམ་དཔལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༡ཉིན།

༄༅།།མཚོ་ཆེན་ཁྲི་ཤོར་རྒྱལ་མོ་མཐོང་བའི་སེམས་ཚོར།


འཇམ་དཔལ། མཚོ་སྔོན་མི་རིགས་སློབ་ཆེན།
        སྤྱིར་ད་ལོར་ནད་ཡམས་ཀྱི་དབང་གིས་རང་དགར་གང་སར་འགྲོ་མི་ཐུབ་མོད། འོན་ཀྱང་དགའ་འོས་པ་ཞིག་ལ་ཉེ་ཆར་ནད་ཡམས་སྔོན་འགོག་བྱས་པ་ལེགས་པས་འགྲོ་འདུག་གི་རང་དབང་ཡང་རང་བཞིན་གྱིས་ཇེ་ལྷོད་དུ་གྱུར། དེ་བས་མཚོ་སྔོན་པོའི་ཕྱོགས་ཀྱི་སློབ་གྲོགས་ཤིག་དང་ངེད་གཉིས་ཀྱང་གཟའ་མཇུག་གི་གོ་སྐབས་ཤིག་དང་བསྟུན་ཏེ། བྱིའུ་གཟེབ་ལས་ཤོར་བ་བཞིན་ཐད་ཀར་སློབ་གྲྭའི་སྒོ་ཐེམ་བརྒལ་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་ཏུ་སོང་བ་ཡིན།
        རི་བོ་ཉི་ཟླ་བརྒྱུད་པའི་གཞུང་ལམ་འགྲམ་གྱི་རྐང་ལམ་ཕྲ་མོ་མཐོང་དུས་རྒྱ་བཟའ་ཀོང་ཇོ་དང་བློན་པོ་མགར་སྟོང་བཙན་གྱི་གཏམ་རྒྱུད་དག་ཡིད་ལ་དྲན་པའི་མོད་ལ་གྱ་གྱུར་གྱེས་པའི་རྐང་ལམ་ཕྲ་མོ་དེ་དག་ནི་གནའ་དུས་ཀྱི་ཤིང་རྟའི་བཤུལ་ལམ་དང་རྟ་དམག་གི་རྨིག་རྗེས་ཡིན་ནམ་སྙམ་བཞིན་ང་རང་གློ་བུར་དུ་ངོ་མཚར་བའི་ལྷ་སྒྲུང་ཞིག་ཏུ་བསྐྱོད། དེ་ལྟར་བསམ་བཞིན་ངས་ནི་རེས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་རྩྭ་ཐང་དང་སྤང་རི། རྟ་ནོར་ལུག་གསུམ་སོགས་ལ་མིག་དབང་གཡེང་ཞིང་། རང་བྱུང་གི་མཛེས་སྡུག་ཉམས་སུ་མྱོང་རྒྱུ་ནི་བསམ་པའི་ལོངས་སྤྱོད་ཆེས་མཆོག་ཏུ་གྱུར་པ་ཞིག་རེད། རྒྱུན་པར་ང་ཚོའི་ཉེ་འཁོར་དག་ན་མཛེས་ཤིང་ཡིད་དུ་འོང་བ་མང་པོ་ཞིག་ཡོད་ནའང་འུར་ཟིང་དང་བྲེལ་འཚུབ་ཀྱི་བར་ནས་སེམས་ལྷོད་ལ་འབབ་མ་ཐུབ་པས་དེ་དག་ལ་མཉམ་མ་བཞག་པར་ལྷག་སོང་། དེ་ནི་ང་ཚོའི་གྱོང་གུན་ཞིག་ཅི་ལ་མིན།ང་ཚོ་རྒྱུན་པར་སེམས་ཁམས་ཞི་ལྷོད་དུ་གནས་མ་ཐུབ་པས། འདུ་འཛི་དང་འགྲན་རྩོད་རབ་ཏུ་རྒོད་པའི་དེང་གི་དུས་འདིར་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ཐོབ་འོས་པ་མང་པོ་ཞིག་དོན་མེད་དུ་འཆོར་བཞིན་གདའ།
        ལྷད་མེད་དྭངས་གཙང་གི་རང་བྱུང་ཁམས་ཆེན་མོའི་པང་ཁུག་ཏུ་ལོག་པ་ནི། ཕྲུ་གུ་ཨ་མའི་པང་དུ་ལོག་པ་བཞིན་གནས་དེ་ནས་ཁྱེད་ཀྱིས་བརྩེ་སེམས་ཀྱི་དྲོད་ཁོལ་མྱོང་ཐུབ་ལ་དགའ་སྤྲོ་ཡི་གླུ་དབྱངས་ཀྱང་ཅི་འདོད་དུ་བླངས་ཆོག ལྷག་པར་དུ་ནམ་མཁའ་གཡའ་དག་ཅིང་ས་གཞིའི་རྡུལ་དག་པ། མི་སེམས་གངས་རི་བཞིན་དཀར་ཞིང་མི་གཤིས་ལྷ་དར་བཞིན་ཡག་པའི་བོད་ཀྱི་གནས་མཆོག་འདི་ལྟ་བུ་ནི་མི་ཡུལ་གྱི་དག་ཞིང་དུ་འབོད་པ་དེའང་མིང་དོན་དང་མཚུངས་པ་ཞིག་རེད་སྙམ།
        སློབ་གྲོགས་སྔ་མོ་ནས་གཉིད་ཟིན། ཡུན་ཙམ་ཞིག་འགོར་རྗེས་རིག་སྨོན་གཞུང་ཟེར་བའི་ས་ཆ་དེ་རུ་སླེབས་ཤིང་། དེ་ནས་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་ཕྲག་ཙམ་སོང་རྗེས་ངའི་མིག་ལམ་དུ་གནམ་ས་གང་ཡིན་ཆ་མི་འཚལ་བའི་སྔོ་བསངས་བསངས་ཀྱི་ཡུལ་གྲུ་ཞིག་སྣང་ཞིང་། ང་རང་ཡ་མཚན་ཏེ་མྱུར་བར་སློབ་གྲོགས་བོས་ནས་གནས་འདི་གང་ཞིག་རེད་ཅེས་དྲིས་པ་ན། ཁོ་རང་དགོད་བཞིན་དུ“གན། མཚོ་སྔོན་པོ་རེད་ཡ།”ཟེར། ཡང་ཡང་བལྟས་པ་ན་མ་གཞི་དེ་ནི་ངས་ཡུན་རིང་མཇལ་འདོད་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་རེད། ང་རང་ཡུན་རིང་ཞིག་ལ་འཕྲད་མ་ཐུབ་པའི་གཉེན་ཉེ་འདང་ཆེན་ཞིག་དང་འཕྲད་པ་བཞིན་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་གིས་རང་དབང་མེད་པར་ཡིད་འགུལ་ཐེབས།
        ད་ནི་དངོས་སུ་མཚོ་སྔོན་པོའི་ཁར་འབྱོར་བས་མྱུར་བར་རེས་འཁོར་ནས་བབས་ན་འདོད་ལ། ས་ཚིགས་སུ་སླེབས་རྗེས་མཚོ་ཁའི་གྲོགས་པོ་ཞིག་ངེད་གཉིས་བསུ་མ་བྱེད་དུ་འོངས་པས། ང་ཚོས་ཟ་མ་ཟོས་རྗེས་མཚོ་འགྲམ་དུ་སོང་སྟེ་ཐོག་མར་མཆོད་པ་ལན་གསུམ་ཕུལ་ཞིང་ཡིད་སེམས་རྩེ་གཅིག་ཏུ་གསོལ་བ་བཏབས། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཟེར་བ་ཅི་མ་བདེན། སྔོན་ཆད་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་འབྲེལ་བའི་ངག་རྒྱུན་ཐུང་ཐུང་རེ་གོ་བ་ཙམ་ལས་དངོས་སུ་མཐོང་བ་ད་ཐེངས་ཐོག་དང་པོ་ཡིན་པས་ངོ་མཚར་ཆེ་བ་ལ། བཻཌཱུརྱའི་ཞུན་མའི་མདངས་དང་ལྡན་ཞིང་འཆི་མེད་ལྷ་ཡི་ལམ་བཟང་ས་རུ་འཕོས་པ་ལྟ་བུའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ། ཁྱེད་ཀྱི་མུ་མཐའ་མེད་པའི་མངའ་ཐང་དང་རླབས་ཆེ་བའི་རྔམ་བརྗིད་མཐོང་བས། ང་ལ་འཛད་མཐའ་བྲལ་བའི་ཡིད་ཆེས་དང་སྤོབས་པ་རྒྱས་བྱུང་། ཁྱེད་ནི་ཁ་བ་རི་བོའི་བླ་མཚོ་དང་མགོ་ནག་བོད་པའི་སེམས་རྟེན་ཡིན། ལོ་རྒྱུས་ཀྱི་བཞུད་ལམ་རིང་མོའི་ཁྲོད་ནས་སྐྱིད་སྡུག་གི་ལོ་ཟླ་བརྗོད་ཀྱིས་མི་ལང་བ་ཞིག་བརྒྱུད་རྗེས། ཁྱེད་ཀྱི་དཔའ་མཛངས་ཀྱི་བརྗིད་ཉམས་ལ་དུས་རྟག་ཏུ་གཡོ་བ་མེད་པ་འདི་ཅི་འདྲའི་རྨད་དུ་བྱུང་བ་ཞིག་རེད་ཨང་། ཁྱེད་ནི་ལོ་རྒྱུས་ཀྱི་དཔང་པོ་དང་མི་རིགས་ཀྱི་རེ་བ་ཡིན།
        མཚོ་འགྲམ་གྱི་འབྲོག་པ་མང་ཚོགས་ནི་མཚོ་མོ་ལ་དུངས་ཤིང་དད་པ་དང་། མཚོ་མོར་སྲུང་སྐྱོབ་བྱ་རྒྱུ་ནི་ཁོ་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཏུ་བརྩི། དེ་ཡང་ལོས་ཡིན་ཏེ་ཁོ་ཚོ་ནི་ས་འདི་ཡི་ས་བདག་དང་གཞིས་འདི་ཡི་གཞིས་བདག་རེད་ལ། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་མཚོ་མོ་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་འོངས་པས་ཁོ་ཚོར་མཚོན་ན་མཚོ་ལ་བརྩེ་འདང་ལོས་ཆེ། ལོ་ངོ་མང་པོའི་རིང་ལ་མཚོ་མོ་དང་མཉམ་འགྲོགས་མཉམ་གཤིབ་བྱས་ནས་འོངས་པས། མཐའ་ཡས་པའི་མཚོ་མོ་བཞིན་ཁོ་ཚོ་ཡང་སེམས་རྒྱ་ཡངས་ཤིང་གཞུང་རྒྱུད་བཟང་སྙམ་འདོད།
        ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ཡས་མས་ཤིག་ལ་ང་རང་ཁོ་ཚོ་དང་འགྲོགས་ཏེ་མཚོ་ཁའི་གནས་བདག་བློན་པོ་གསེར་ཆེན་ལ་སྤྱི་བསང་འབུལ་དུ་སོང་། ཉིན་འདི་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་སྡེ་ཉེར་གསུམ་ལྷག་གིས་མཉམ་དུ་སྤྱི་བསང་འབུལ་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་པར་བརྗོད། ཞེང་ཆེ་བའི་བསང་ཁྲིའི་སྟེང་དུ་དར་ཚོན་སྣ་ལྔས་གཡོགས་པའི་བསང་རྫས་ཀྱི་བང་རིམ་བརྩེགས་འདུག ཆང་མཆོད་པ་དང་། རླུང་རྟ་སྤུར་བ། དུང་དཀར་འབུད་པ་དང་བསང་འབོད་བྱེད་པ་སོགས་ཀྱིས་བསང་ཁྲི་ལ་སྐོར་བ་ཡང་ཡང་བྱེད་ལ། མི་མང་པོ་སྔ་གཞུག་ལྟར་ཡོང་བས་ཕལ་ཆེར་ཉིན་གང་བོར་བསང་འབུལ་མཁན་ཡོད། སོ་སོས་བསང་ཕུལ་ཚར་རྗེས་མདའ་ཤིང་དང་རྨུ་ཐག་ཁུར་ནས་རི་ཁའི་ལབ་ཙེ་བསྟོད་དུ་འགྲོ། ཁོ་ཚོས་བཤད་པ་ལྟར་ན་བསང་ཆེན་འདིའི་དུ་བ་ཟླ་བ་གཅིག་ལྷག་གི་རིང་ལ་མཆེད་ངེས་རེད་ཟེར། དངོས་གནས་དེ་འདྲ་ཞིག་ཡིན་པར་ངེས། ཕ་ཡུལ་རྔ་བ་ནས་ཀྱང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ཀྱི་དུས་སུ་སྤྱི་བསང་ཆེན་མོ་འབུལ་བའི་སྲོལ་ཡོད་མོད། འདི་འདྲ་བ་ཞིག་མཐོང་བ་ཐེངས་དང་པོ་ཡིན།
        བློན་པོ་གསེར་ཆེན་གྱི་ལུང་བའི་ཕུ་ནས་རི་ལག་འགའ་གྱེས་ནས་ཡོད་ཅིང་རི་ཞོལ་གྱི་མཚེར་ས་རུ་རས་གུར་ཕུབ་པའི་འབྲོག་ཁྱིམ་འགའ་མཐོང་། ལྷས་འདབས་ཀྱི་རི་ངོས་ནས་རྟ་ནོར་ལུག་གསུམ་གྱིས་ཧ་ཅང་བག་ཕེབས་པའི་ངང་དབྱར་གཞུང་གི་རྩྭ་ཆུའི་བཅུད་ལ་རོལ་བཞིན་གདའ། ལུང་མདོ་ཁོད་ཡངས་ཤིང་རྒྱ་ཆེ་བ་དང་། ཤག་ཤག་ཏུ་འབབ་པའི་ཆུ་ཕྲན་དེ་མདུན་ཕྱོགས་ཀྱི་མཚོ་མོ་དང་འཕྲད་པར་སྔ་གཞུག་བརྩད་ནས་དུས་སྐད་ཅིག་ཙམ་ལའང་མི་སྡོད་པར་ཧ་ཅང་བྲེལ་སྟབས་ཀྱིས་བཞུར་གྱིན་འདུག འབྲོག་མོ་ཚོས་མགོ་དཀྲིས་གློ་ཁ་རེ་གྱོན་ནས་ཡོད་ཅིང་། མཚོ་སྔོན་གྱི་རོང་ཕྱོགས་དག་དང་འདྲ་བར་བོད་ལྭ་གྱོན་པའི་འབྲོག་མོ་ཞིག་མཐོང་མ་སོང་བས་འབྲོག་ས་འབྲོག་ཡུལ་འདི་འདྲ་ཞིག་ཏུའང་ཅི་འདྲའི་འགྱུར་ལྡོག་ཆེ་བ་ལ་བསམས་ནས་ང་རང་ཅུང་ཙམ་ཧ་ལས་སོང་། ཉིན་དེའི་ཕྱི་དྲོར་གྲོགས་པོ་ཚོ་དང་མཉམ་དུ་ཟ་མ་ཟོས་རྗེས་ཆབ་ཆའི་གྲོགས་པོ་ཞིག་བསུ་རུ་འོངས་ཤིང་། ཤྭ་ལ་ཉག་ཁ་ནས་བསང་ཞིག་ཕུལ་ཏེ་ཡང་བསྐྱར་མཚོ་མོའི་གཟི་ཉམས་ལ་ཅུང་ཙམ་རོལ་རྗེས་ཟི་ལིང་གི་ཕྱོགས་སུ་གོམ་ཁ་བསྒྱུར། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་གཟི་བྱིན་སྲིད་མཐའི་བར་དུ་བརྟན་གྱུར་ཅིག མཚོ་དེ་ཡི་འབངས་རྣམས་བདེ་ཞིང་སྐྱིད་པར་སྨོན། སླད་མར་ཡང་ཡང་མཇལ་བར་སྨོན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1