གཙོ་ངོས།>> དེང་རབས་མི་སྣ།>>སྨན་པ།

གསེར་ཀུན་དགས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༡ཉིན།

༄༅།།རུ་སར་འཇིགས་མེད་རང་གྲོལ།

ཏོག་དབྱིབས་གློ་ཚད་གསར་པའི་དུས་སྐབས་དང་འབྲེལ་གཞི་རིམ་སྨན་པ་རུ་སར་འཇིགས་མེད་རང་གྲོལ་གྱི་ལགས་ཀྱི་གནས་ཚུལ་གླེང་བ།
གསེར་ཀུན་དགས་བྲིས་ཤིང་པར་མཁོ་འདོན་བྱས།

ཀུན་གསལ་ལྷག་བསམ་དཀར་པོའི་འོད་མདངས་ཀྱིས།།

ཀུན་ཀྱི་བདེ་ཐང་གཙུགས་སུ་ཡོངས་བཟུང་ནས།།
ཀུན་ལ་ཕན་བདེའི་སྣང་བ་སྩོལ་མཁས་པ།།
ཀུན་ཀྱི་བཀུར་འོས་ཁྱེད་ཉིད་ཅིའི་མི་བསྟོད།།

        དེ་ཡང་སྨན་པ་རུ་སར་འཇིགས་མེད་རང་གྲོལ་ལགས་ནི་བོད་ཡུལ་ཁམས་གསུམ་གླིང་དགུར་ཕྱེས་པ་ལས་མདོ་ཁམས་གཉིས་ཀྱི་གཞི་དཀྱིལ་བཙན་རྫོང་སྟོང་གི་ཕ་ཡུལ་དུ་གྲགས་པའི་སྔོན་ཤར་རྒྱལ་མོ་ཚ་བ་རོང་གི་སའི་ཆར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན། ཁྲོ་སྐྱབས་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པའི་གནས་ཆེན་ཀ་ཀོང་སེངྒེ་ཡོངས་རྫོང་གི་ཉེ་འདབས་སུ་ཡབ་ཚེ་རིང་དོན་གྲུབ་དང་ཡུམ་རུ་སར་བཟའ་ཀུན་ཐོ་གཉིས་ཀྱི་སྲས་སུ་སྤྱི་ལོ་1983ལོར་སྐྱེས། ལོ་ན་དགུར་སོན་པ་ནས་བླ་མ་རྒྱལ་བའི་མདུན་ནས་ཀློག་སློབ་པའི་དབུ་བརྩམས་ཤིང་། དེ་ནས་མུ་མཐུད་དུ་འཇོ་རོ་བསམ་འགྲུབ་དར་རྒྱས་གླིང་གི་ཡིག་མཁན་གྲགས་ཅན་པག་ལི་ཨོ་རྒྱན་ལགས་ཀྱི་དྲུངས་ནས་ལནྫ་དང་ཝར་དྷུ་རབ་ཀ་འདའ་བའི་བྲིས་གཟུགས་སོགས་ལ་སྦྱང་བ་བྱས། དེ་ལྟར་སྔ་གཞུག་ཏུ་དགེ་བའི་བཤེས་གཉེན་དུ་མ་མཉེས་པ་གསུམ་གྱིས་བརྟེན་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་སོགས་ལ་སྦྱང་བ་མི་དམན་པ་བྱས།

སྤོ་མདའ་གྲོང་རྡལ་འཕྲོད་བསྟེན་ཁང་།


        སྤྱི་ལོ་2003ལོར་ཨ་བུ་སྐུ་ཕྲེང་གསུམ་པ་མཆོག་སྤྲུལ་གནས་བརྟན་ཚེ་རིང་གི་བཀའ་བསྒོས་བཞིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཕྱིན་ནས་སློབ་དཔོན་ཆེན་མོ་བློ་བཟང་རྒྱ་མཚོ་སོགས་ཀྱི་མདུན་ནས་དཔལ་ལྡན་གསོ་བ་རིག་པར་སྦྱོང་བའི་སྐལ་བ་ལྡན་པར་མ་ཟད། དགེ་རྒན་དཔལ་བསྡུས་སོགས་ཀྱི་མདུན་ནས་འབྱུང་རྩིས་ཨུཏྤལ་སྔོན་མོ་སོགས་ནག་རྩིས་ཀྱི་སྐོར་དང་གཞན་ཡང་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་ནང་དོན་རིག་པ་དང་སུམ་རྟགས་དང་དག་ཡིག་སྙན་ངག །རྩོམ་རིག་སོགས་ལའང་སྦྱོང་བའི་སྐལ་བཟང་དུས་གཅིག་ཏུ་ནོད་ཅིང་། སློབ་གྲྭ་དེ་གས་དུས་རྒྱུན་སྤེལ་བའི་གཏམ་བཤད་འགྲན་སྡུར་དང་རིག་རྩལ་སྤྲོ་ཚོགས་སོགས་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་གོང་འཕེལ་གཏོང་བའི་བྱེད་སྒོའི་ཁྲོད། ཁོང་གི་དག་འགྲིག་སྙན་གསུམ་ལྡན་པའི་སྨྲ་ལྕེ་སྟེ་ངག་རིག་གི་རྒྱུ་རྩལ་དེས་སློབ་གྲྭ་ཡོངས་ལས་ཨང་གཉིས་པ་དང་ཕུལ་བྱུང་གསུམ་བཟང་སློབ་མ་སོགས་ཀྱི་མཚན་སྙན་བླངས། དེ་ལྟར་བགྲང་བྱ་བཞིའི་རིང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས་མཐར་སྤྱི་ལོ་2007ལོར་སློབ་གྲྭ་དེ་ག་ནས་སློབ་ཐོན་བྱུང་།
        དེ་ནས་སློབ་མཐར་ཕྱིན་མ་ཐག་སླར་ཡང་སློབ་གྲྭ་དེ་གའི་བོད་སྨན་ཁང་དུ་བསྡད་ནས་གངས་ཅན་གསོ་རིག་མཁས་པའི་ཁྱུ་མཆོག་མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱི་དངོས་སློབ་དམ་པ་མཁས་བཙུན་གྲུབ་པའི་དབང་ཕྱུག་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་མདོ་རྗེ་བཙུན་མ་ཟླ་གསལ་དབང་མོ་ལགས་དང་གསོ་རིག་དགེ་རྒན་དུ་མའི་མདུན་དུ་བགྲང་བྱ་ལྔའི་རིང་ལ་གསོ་རིག་སྐོར་གྱི་ནད་ཐོག་ལག་ལེན་དང་སྨན་གྱི་སྡེབ་སྦྱོར། རྩ་ཆུ་བརྟགས་པ། སྨན་རྩྭ་ངོས་འཛིན། ལྷག་ཏུ་ལོ་རེར་ཉམས་ཐག་ནད་ཀྱིས་གདུང་བའི་ནད་པ་ཁྲི་གཉིས་ལ་ཉེ་བ་ཙམ་ལ་སློབ་དཔོན་གྱི་ཞལ་བཀོད་བཞིན་སྨན་སྟེར་བ་སོགས་བྱས་ནས་ནད་པ་ཁྲི་ཕྲག་ལྷག་ནད་ཀྱི་སྡུག་བསྔལ་ལས་སེལ་དུ་བཅུག གཞན་དམ་པ་ཁོང་གི་མདུན་ནས་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་ཆ་ཚང་དང་དམ་པ་ཁོང་ཉིད་ཀྱི་གསུང་རྩོམ་སོགས་ཐོབ་པར་དཀའ་བའི་མན་ངག་དག་བུམ་པ་གང་བྱོས་ཚུལ་དུ་གསན་བསམ་བྱས་པ་དང་གཞན་ཡང་སློབ་གྲྭ་དེ་གར་དགེ་རྒན་གྱི་བྱ་བ་ཡང་བསྒྲུབས།
        སྤྱི་ལོ2012ལོར་ཁུལ་རིམ་པའི་གཞུང་རྒྱུགས་སུ་ཞུགས་ནས་གསེར་རྟའི་འབྲོག་ཁུལ་སྙན་ལུང་ཡུལ་ཚོ་རུ་གཞི་རིམ་སྨན་པའི་ལས་ཀ་གཉེར་དུ་ཕྱིན། ལོ་ངོ་དེ་དག་གི་རིང་ལ་ཁོང་གིས་སྨན་ཁང་གི་འགོ་གཙོའི་ལས་འགན་བཞེས་ནས་འབྲོག་ཁུལ་གྱི་ཡུན་རིང་ནད་པ་དང་། སྨན་ཁང་ལ་བལྟ་རུ་ཡོང་མི་ཐུབ་པའི་རྒན་པ་དང་བྱིས་པ་སོགས་ལ་ཕར་སྨན་སྐྱེལ་དུ་ཕྱིན་པས་དེ་གའི་འབྲོག་དམངས་རྣམས་ཀྱིས་ཁོང་ལ་བརྩི་བཀུར་བླ་ལྷག་ཐོབ། ཁོང་ནི་བོད་ལུགས་གསོ་བ་རིག་པའི་ཆེད་སྦྱོང་མཁན་ཡིན་པས་བོད་རང་གི་ཐུན་མོང་མ་ཡིན་པའི་ནད་བརྟགས་ཐབས་ལ་བརྟེན་ནས་འབྲོག་ཁུལ་གྱི་དུས་ནད་དང་ཆམ་རིམས་སོགས་བཅོས་སེལ་བྱས་པས་རྒྱ་ཆའི་འབྲོག་དམངས་རྣམས་སྔར་ལས་ལྷག་པའི་བོད་ཀྱི་གསོ་བ་རིག་པ་ལ་ཡིད་སྟོན་ཆེས་ཆེར་རྒྱས། གཞན་ཡང་ཁོང་གི་ལས་ཀའི་ཞོར་དུ་ནམ་ཡང་སློབ་སྦྱོང་བསྐྱུར་མ་མྱོང་ལ་སྨན་བཅོས་བྱེད་པའི་བར་གསེང་ནས་ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོགས་ཀྱི་གསོ་སྦྱོང་སྣ་ཚོགས་སུ་ཞུགས་ནས་མུ་མཐུད་དུ་རང་ནུས་མཐོར་འདེགས་སུ་བཏང་། ལྷག་ཏུ་2015ལོར་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དམར་ཁྲིད་སྦྱོང་བརྡར་འཛིན་གྲྭ་རུ་ཞུགས་ནས་དུས་ལྟར་སློབ་སྦྱོང་ནན་ཏན་བྱས་པས་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ་རྣམ་གྱིས་བསྟོད་པའི་མཐེ་བོང་བསྒྲེང་པའི་ཡུལ་དུ་གྱུར། 2018ལོར་གངས་ཅན་བོད་ཀྱི་དངུལ་ཁབ་རིག་པའི་མཁན་པོ་བྱང་བ་རིག་ཁོའི་མདུན་ནས་བོད་ལུགས་དངུལ་ཁབ་རིག་པའི་གཞུང་དང་ལག་ལེན་གཉིས་ལ་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་པར་མ་ཟད། དགེ་རྒན་ཁོང་གིས་ཀྱང་ཐུགས་བརྩེ་ཆེ་བར་བྱས་ནས་དམིགས་བསལ་མཛུབ་སྟོན་གནང་། ལོ་དེ་གར་བསྟུད་མར་འཛམ་གླིང་ཀྲུང་ལུགས་གསོ་རིག་མཉམ་འབྲེལ་ཁང་དང་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་ཁང་གཉིས་ཀྱི་བསྒྲུབ་པའི་སློབ་དཔོན་དགའ་བའི་རྡོ་རྗེའི་བོད་ལུགས་སྨན་རྫས་ངོས་འཛིན་གྱི་མཐོ་རིམ་འཛིན་གྲྭ་རུ་ཞུགས་ནས་སློབ་སྦྱོང་བྱས། དར་མཚོ་རྫོང་བོད་ལུགས་སྨན་ཁང་དུ་ཤེལ་གོང་ཤེལ་ཕྲེང་གི་ལུང་རྒྱུན་དང་རིན་ཆེན་ཚྭ་སྲེག་སྦྱོར་བའི་ལག་ལེན་སྤེལ་བའི་གསོ་སྦྱོང་འཛིན་གྲྭ་སོགས་ལ་ཞུགས།
        སྤྱི་ལོ་2018ལོར་གསེར་རྟ་རྫོང་མི་དམངས་སྨན་ཁང་གི་ཡན་ལག་སྨན་ཁང་སྦོ་མདའ་གྲོང་རྡལ་གྱི་བོད་སྨན་ཁང་དུ་ལས་ཞུགས་བྱས་ནས་གཙོ་བོ་བོད་སྨན་གྱི་གཙོའི་དངུལ་ཁབ་དང་རྫ་མའི་འཕྲུལ་འཁོར་སོགས་ཀྱི་ལག་ལེན་དང་ཕན་ནུས་འདོན་སྤེལ་བྱས། ཡུལ་དེའི་རོང་འབྲོག་མི་དམངས་རྣམས་ཀྱིས་ཀྱང་བོད་ལུགས་དངུལ་ཁབ་རིག་པར་སྔར་མེད་ཀྱི་ཡིད་ཆེས་དང་གདེང་འཇོག་མཐོན་པོ་བྱས།
        དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི་སྤྱི་ལོ་2020ལོའི་ཏོག་དབྱིབས་གློ་ཚད་གསར་པའི་རིམས་འགོག་གཡུལ་སའི་ཁྲོད་དུ་ཁོང་ཉིད་ཀྱིས་རང་སྲོག་བློས་བཏངས་ཏེ་རིམས་ནད་སྔོན་འགོག་དང་ལེན་བྱས་པ་དེ་རེད། སྤྱི་ལོ་2020ལོའི་ཟླ་དང་པོའི་ཚེས་24ཉིན་ནི་བོད་ལུགས་ཀྱི་གནམ་ལོ་གསར་ཚེས་ཀྱི་ལོ་སར་ཚེས་གཅིག་གི་ཉིན་ཡིན་ལ། སྨན་པ་རུ་སར་འཇིགས་མེད་རང་གྲོལ་ལགས་ལས་ཁུང་གི་རེས་མོས་ངལ་གསོ་ལ་ཁེལ་ཡོད་པས། ཕ་ཡུལ་དུ་བཟའ་མི་མཉམ་འཛོམས་བྱས་ཏེ་ལོ་སར་ལ་རོལ་བཞིན་ཡོད། ཐེངས་འདིའི་ཉིན་བཅུ་ཡི་ངལ་གསོ་ནི་ཁོང་ལ་མཚོན་ན་ལོ་གཅིག་ལྟ་ཅི་ལོ་དུ་མར་ཐོབ་པར་དཀའ་བའི་ངལ་གསོའི་གོ་སྐབས་གསེར་ལས་ཀྱང་ལྷག་པ་ཞིག་ཡིན་མོད། འོན་ཀྱང་ཁོང་གིས་རྫོང་རིམ་པའི་གསར་འགྱུར་དང་བརྡ་འཕྲིན་འབྱོར་བ་ལྟར། འཕྲལ་དུ་བཟའ་མི་ལྷན་འཛོམས་ཀྱི་དྲོད་ཁོལ་དང་གྱེས་ཏེ་རང་འགུལ་གྱིས་རིམས་འགོག་གཡུལ་སའི་ལམ་དུ་ཞུགས། གསེར་སྨད་སྦོ་མདའ་གྲོང་རྡལ་ནི་ཕྱོགས་ཡོངས་ཀྱི་མགྲོན་པོ་སྣ་ཚོགས་ཡུལ་གཅིག་ཏུ་འདུ་བའི་ལམ་སྣེ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཐེངས་འདིའི་རིམས་ནད་གསར་པའི་དུས་སྐབས་སུ་མཚོན་ན་ལམ་སྣེ་འདི་ནི་ཧ་ཅང་ཉེན་ཁ་ཆེ་བའི་གནས་ཤིག་ཏུ་གྱུར་ཡོད། འོན་ཀྱང་ཁོང་གིས་རྒྱུ་མཚན་དེ་སོགས་ལ་འཛེམ་དོགས་གང་ཡང་མ་བྱས་པར་ཉིན་ལྟར་ལས་ཁུང་གི་བཀོད་སྒྲིག་ལྟར་མི་རིགས་ཐ་དད་དང་ལམ་ཐག་རྒྱང་རིང་ཐུང་གི་མགྲོན་པོ་རྣམས་ལ་ཚ་བ་བརྟགས་དཔྱད་དང་། རིམས་གསར་གྱི་ཉེན་ཁའི་རང་བཞིན་སོགས་བརྒྱུད་བསྒྲགས་བྱས་པར་མ་ཟད། ལྷག་ཏུ་ཁོང་གིས་རིམས་ནད་དུས་ཡུན་ཁྲོད་དུ་གནས་སྐབས་སུ་ཟུར་བཀར་བྱེད་དགོས་པའི་དོགས་ཡོད་ནད་པ་དང་། ཝུ་ཧན་ནས་ཡོང་བའི་གཏན་ཁེལ་ནད་པ་གཅིག་པོ་སོགས་ལ་དུས་ལྟར་ཟ་མ་སྐྱེལ་བ་དང་། ཁོ་རང་གིས་སྡེབས་སྦྱོར་བྱས་པའི་བོད་སྨན་གྱི་ནག་པོ་དགུ་སྦྱོར་སོགས་རིན་མེད་རོགས་སྐྱོར་གྱི་ཚུལ་དུ་ཕུལ། འདི་ནི་སྨན་པ་ཞིག་ལ་མཚོན་ན་གཞི་རྩེའི་འོས་འགན་དེ་མི་བརྗེད་པར་གནད་འགག་གི་སྐབས་སུ་ལུས་སེམས་ཡོད་ཚད་བློས་གཏོང་ཐུབ་པའི་ཉམས་པ་མེད་པའི་སྤོབས་སེམས་དེ་ཅི་ལ་མིན་ནོ། །
        གཞན་ཡང་སྨན་པ་རུ་སར་འཇིགས་མེད་རང་གྲོལ་ནི་སྨན་པ་ཡིན་ལ་རྩོམ་པ་པོ་ཡང་ཡིན། ཁོང་ནི་དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས་ཡོད། རང་ཉིད་ཀྱི་གཞི་རྩའི་ལས་འགན་སྨན་བཅོས་བྱེད་པར་ཕུད། ཁོང་གི་དགའ་ཕྱོགས་ནི་དཔེ་ཀློག་དང་རྩོམ་འབྲི་ཡིན། ཁོང་གིས་ནམ་རྒྱུན་དུས་ཚོད་ལྷག་མ་སྤྱད་ནས་དཔེ་ཀློག་དང་རྩོམ་ཡིག་འབྲི་བཞིན་ཡོད། ཁོང་གིས་བྲིས་པའི་རྩོམ་ཡིག་དག་ཁུལ་རིམ་པའི་དུས་དེབ་གངས་དཀར་རི་བོ་སོགས་འབྲེལ་ཡོད་ཀྱི་དུས་དེབ་དང་ཚགས་པར་ངོས་སུ་བཀོད་ཡོད། དེ་དག་ལས་ཁོང་གི་ཚབ་མཚོན་གྱི་བརྩམས་ཆོས་ལ《རྡོ་སྒ་བཀྲ་ཤིས་ཆོས་གླིང་དགོན་པའི་ལོ་རྒྱུས་པདྨ་དཀར་པོའི་ཕྲེང་མཛེས》དང་《ཤར་རྒྱལ་མོ་ཚ་བ་རོང་གི་གནས་ཆེན་ཀ་ཀོང་སེང་གེ་ཡོངས་རྫོང་གི་ལོ་རྒྱུས་རབ་གསལ་ཉི་མ་གཞོན་ནུའི་འཛུམ་ཞལ།》དང་《སྦྲ་ནག་གི་བཤད་པ།》ཞེས་པ་སོགས་ཡོད། དེ་ལས་《ཤར་རྒྱལ་མོ་ཚ་བ་རོང་གི་གནས་ཆེན་ཀ་ཀོང་སེང་གེ་ཡོངས་རྫོང་གི་ལོ་རྒྱུས་རབ་གསལ་ཉི་མ་གཞོན་ནུའི་འཛུམ་ཞལ།》ཞེས་པ་ནི་གནས་ཆེན་ཀ་ཀོང་སེང་གེ་ཡོངས་རྫོང་གི་ཆེས་ཐོག་མའི་གནས་ཡིག་དེ་ཡིན་ཞིང་། ཁོང་གིས་བགྲང་བྱ་བརྒྱད་ཀྱི་འབད་པར་བརྟེན་གནས་ཡིག་སྐོར་གྱི་རྒྱུ་ཆ་དང་ལོ་རྒྱུས་སོགས་འཚོལ་སྡུད་བྱས་པ་ཞིག་རེད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1