འཕགས་པ་འཇམ་དབྱངས་ཀྱི་གདན་ས་དྭངས་གསལ་རི་བོ་རྩེ་ལྔ།

རྣམ་དཀར་ལྷ་མོས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


འཛམ་བུ་གླིང་གི་ཁྱོན་འདི་ན་བྱིན་རླབས་ཅན་གྱི་གནས་ཁྱད་པར་ཅན་ལྔ་ཡོད་པར་གྲགས་ཤིང་། དབུས་ཀྱི་རྡོ་རྗེ་གདན་དང་། ཤར་གྱི་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ཡི་རི་བོ་པོ་ཏ་ལ། ནུབ་ཀྱི་མཁའ་འགྲོའི་གནས་ཨཽ་ཊྱ་ཡ་ན། བྱང་གི་རིག་ལྡན་གྱི་གནས་ཤམྦྷ་ལ་རྣམས་སུ་གྲགས་ལ། བྱེ་བྲག་མ་ཧཱ་ཙི་ནའི་ཡུལ་དུ་གྲགས་པའི་རྒྱ་ནག་གི་རྒྱལ་ཁམས་འདིར་བྱིན་རླབས་ཅན་གྱི་རི་ཆེན་བཞིའི་བརྗོད་སྲོལ་ཡོད་དེ། དེ་དག་ལས་འཕགས་པ་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔའམ་རི་བོ་དྭངས་བསིལ་འདི་དད་ལྡན་སྐྱེ་འགྲོ་ཀུན་མཇལ་སྐོར་དུ་འགྲོ་སའི་གནས་མཆོག་ཞིག་ཏུ་ཆགས་འདུག


རྒྱ་ནག་རི་བོ་རྩེ་ལྔའམ་དྭངས་བསིལ་རི་བོ་འདི་ནི་རི་བོ་གཅིག་མིན་ལ། ཤར་རི་རྒྱ་མཚོ་མཐོང་བའི་སྤོ་དང་དབུས་རི་མཚར་སྡུག་ལྷུན་པོའི་སྤོ། ལྷོ་རི་མདོག་བཟང་བཀྲ་བའི་སྤོ། ནུབ་རི་ཟླ་བའི་ཐོད་ཅན་སྤོ། བྱང་རི་སྐར་མའི་གཙུག་ལྡན་སྤོ་སོགས་རི་རྩེ་ལྔ་ལས་གྲུབ་པ་ཡིན་ལ། དེ་དག་གི་རི་རྩེ་སྙོམས་ལ་བཙན་རྫོང་ཞིག་དང་འདྲ་བས། ཧྭ་པེ་ཡི་སྒལ་ཚིགས་སུ་ཀྱང་འབོད་སྲིད། ངག་རྒྱུན་དུ་འཕགས་པ་འཇམ་དབྱངས་གནས་འདིར་ཐེངས་དང་པོར་བྱོན་དུས། ཧྲན་ཞིའི་བྱང་ཤར་གྱི་གནས་སུ་ཙི་ཧྥུའུ་རི་བོ་ཞེས་པར་ཏའོ་ལུགས་ཀྱི་རི་བོ་རྩེ་ལྔའི་ཆོས་ར་ཟེར་བའི་སྒྲུབ་སྦྱོང་གི་གནས་ཤིག་ཡོད་ལ། དེར་བྱོན་དུས་ས་གནས་དེར་ཚ་བའི་གདུང་བ་ཆེན་པོས་མི་རྣམས་ལ་སྡུག་བསྔལ་ཆེན་པོ་བཟོ་བཞིན་ཡོད་པ་མཐོང་ནས། འཕགས་པ་འཇམ་དབྱངས་སློང་གཟེད་ཐོགས་པའི་གྲྭ་པ་ཞིག་ཏུ་སྤྲུལ་ནས་ཀླུ་ཡུལ་དུ་ཕེབས་ཏེ་ཀླུའི་རྒྱལ་པོའི་འབྲུག་འབབ་རྡོ་ལེབ་བསླང་པ་རེད། དེ་ནས་རྡོ་ལེབ་དེ་རི་བོ་རྩེ་ལྔའི་ལུང་པ་ཞིག་གི་ནང་དུ་བཞག་པས། དེ་མ་ཐག་ཡུལ་ལུང་ཀུན་རྩྭ་ལྗང་སྔོ་ལོའི་ཁེབས་ཤིང་། དྭངས་བསིལ་ལྡན་པའི་གནས་ཁྱད་པར་བ་ཞིག་ཏུ་ཆགས། དུས་དེ་ནས་བཟུང་གནས་འདིར་དྭངས་བསིལ་རི་བོའམ་དྭངས་བསིལ་ལུང་པ་ཟེར་སྲོལ་ཡོད།

སྤྱི་ལོ་67ཧན་རྒྱལ་རབས་ཤར་མའི་གོང་མ་མེན་ཏིས་སྐབས་སུ། རྟ་དཀར་པོའི་རྒྱབ་ལ་རྒྱ་གར་ཡུལ་ནས་ཆོས་དྲངས་པས་ལའོ་དབྱང་ནས་རྟ་དཀར་དགོན་པ་བཞེངས་པ་དང་། རྟ་དཀར་པོའི་བཀའ་དྲིན་གྱི་ཆེད་དུ་རྟ་དཀར་དགོན་ཞེས་བཏགས་པ་དང་། ལོ་དེར་རྒྱ་གར་གྱི་གྲྭ་པ་གཉིས་ལའོ་དབྱང་ནས་ལ་ལུང་བརྒལ་ནས་ཆོས་སྤེལ་དུ་འགྲོ་སྐབས་སུ། རི་བོའི་རྩེ་ལྔའི་གནས་འདི་ན་སངས་རྒྱས་ཀྱི་རིང་བསྲེལ་ཡོད་པ་དང་། སྔོན་ནས་གནས་འདིར་ནང་པའི་ཞབས་ཀྱིས་བཅགས་པ་གོ། དེ་བས་གྲྭ་པ་གཉིས་ཀྱིས་གནས་འདི་ནས་དགོན་པ་བཏབ་སྟེ་ཆོས་ར་སྤེལ་རྒྱུའི་སྟ་གོན་བྱས། འོན་ཀྱང་གནས་དེར་གནས་པའི་ཏའོ་ལུགས་པ་ཚོས་རྙོག་དྲ་བཟོས་ནས་དགོན་པ་བསྐྲུན་རྒྱུར་དགག་པ་བརྒྱབ། འདྲ་མཉམ་དང་དྲང་བདེན་གྱི་ཆེད་དུ། ཧན་མེན་ཏིས་རྒྱལ་ས་ལའོ་དབྱང་གི་རྟ་དཀར་དགོན་ནས་ཏའོ་ལུགས་པ་ནང་པ་གཉིས་ཆོས་རྩོད་བྱེད་དུ་བཅུག །ཐེངས་འདིར་ནང་པ་རྒྱལ་སོང་བས་དགོན་པ་འདེབས་ཆོག་པའི་དབང་ཆ་ཐོབ། དགོན་པ་ལེགས་འགྲུབ་བྱུང་རྗེས། དགོན་པའི་མཚན་ལ་བྱ་རྒོད་ཕུང་པོའི་རི་གསོལ་ཞིང་། དུས་དེ་ནས་བཟུང་དྭངས་བསིལ་རི་བོ་རང་རྒྱལ་གྱི་ནང་བསྟན་གྱི་ལྟེ་བར་ཆགས་ཤིང་། ལའོ་དབྱང་གི་རྟ་དཀར་དགོན་དང་དགོན་པ་འདི་གཉིས་རང་རྒྱལ་ནང་ལོགས་ས་ཁུལ་གྱི་ལོ་རྒྱུས་ཆེས་རིང་བའི་དགོན་པ་གཉིས་ཡིན།

ཝེ་བྱང་མའི་ཞོ་ཝུན་ཏིས་ཀྱི་སྐབས་སུ་དགོན་པ་རྒྱ་བསྐྱེད་གཟབ་རྒྱས་གནང་ཤིང་། ཆི་བྱང་མའི་སྐབས་སུ། རི་བོ་རྩེ་ལྔར་དགོན་པ་ཉིས་བརྒྱ་ལྷག་ཡོད་ལ། སའེ་ཝུན་ཏི་ཡི་སྐབས་སུ་རི་རྩེ་རེ་རེར་དགོན་པ་གཅིག་རེ་བཞེངས་ཤིང་། ཐང་རྒྱལ་རབས་ཀྱི་སྐབས་སུ་རི་ཁུལ་ཡོངས་སུ་དགོན་པ་སུམ་བརྒྱ་ལྷག་དང་གྲྭ་པ་སུམ་སྟོང་ལྷག་འཛོམས་མྱོང་བར་མ་ཟད། མཁས་ཆེན་དམ་པ་མང་པོ་བྱོན། ཐང་རྒྱལ་རབས་ཀྱི་ཏའེ་ཙུང་ཀྲིན་ཡོན་ཁྲི་ལོའི་སྐབས་སུ། རི་ཁུལ་ཡོངས་ལ་གྲྭ་བཙུན་ཆིག་ཁྲི་ལྷག་ཡོད་མྱོང་། ཆིང་རྒྱལ་རབས་ཀྱི་སྐབས་སུ། བོད་བརྒྱུད་ནང་བསྟན་རི་བོ་རྩེ་ལྔར་དར་བ་དང་བསྟུན་ནས། རྒྱ་བརྒྱུད་ནང་བསྟན་གྱི་དགོན་པ་མཐིང་དགོན་དང་བོད་བརྒྱུད་ནང་བསྟན་གྱི་སེར་དགོན་མང་པོ་བཞེངས་པ་རེད།

རི་བོ་རྩེ་ལྔའི་ལྗོངས་རྒྱུ་ཁུལ་དུ་དགོན་པ་སོ་སོས་ཉར་ཚགས་བྱས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་འཇིམ་བརྐོས་དང་། རྡོ་བརྐོས། ལྡེབས་རིས། ཡིག་གཟུགས་འབྲི་རྩལ་སོགས་ལ་གཞལ་དུ་མེད་པའི་རིན་ཐང་ཆེན་པོ་ལྡན། ཧྲན་ཞི་ཞིང་ཆེན་རིག་རྫས་ཁང་གིས་བཀྲམ་པའི་དེབ་ཆུང་ཞིག་ནང་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ་རྒྱ་བརྒྱུད་ནང་བསྟན་དགོན་པ་97དང་བོད་བརྒྱུད་ནང་བསྟན་དགོན་པ་23ཡོད་ཚུལ་གསལ་ཞིང༌། 1990ལོར་ཡང་དགོན་སྡེ་40མ་ཟིན་ཙམ་ཡོད་པའི་ནང་ནུབ་ཕྱོགས་ཀུན་འདུས་གླིང་དང་ལྕང་སྐྱའི་སྒར་བ་སོགས་བོད་སོག་བཙུན་པ་བཞུགས་པའི་དགོན་པ་ལྔ་དྲུག་ཙམ་ཡོད། ལོ་རྒྱུས་ཡིག་ཆའི་ནང་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་རྗེ་ཙོང་ཁ་པའི་སྐུ་ཚབ་ཏུ་གོང་མའི་ཕོ་བྲང་ལ་ཕེབས་སྐབས་དྭངས་བསིལ་རི་བོར་དགོན་པ་དྲུག་བཏབ་ནས་གནས་འདིར་དགེ་ལུགས་ཀྱི་བསྟན་པ་ཐོག་མར་སྤེལ་གནང་མཛད་སྐོར་གསལ་ཡོད་པ་དང༌། གཞན་ཡང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་གནས་འདིར་ཕེབས་ནས་ཡུན་རིང་སྒྲུབ་པ་མཛད་པའི་སྒྲུབ་ཁང་སོགས་ཀྱང་ད་ལྟ་མཇལ་རྒྱུ་ཡོད། གནས་འདིའི་ལོ་རྒྱུས་ཞིབ་པར། རི་བོ་རྩེ་ལྔའི་མཁན་པོ་དཔལ་ལྡན་གྲགས་པས་མཛད་པའི《 རྩེ་ལྔའི་དཀར་ཆག》དང་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི《 རི་བོ་དྭངས་བསིལ་གྱི་དཀར་ཆག》སོག་པོ་ལོ་ཆེན་མགོན་པོ་སྐྱབས་ཀྱིས་བརྩམས་པའི《 རི་བོ་རྩེ་ལྔའི་དཀར་ཆག》བཅས་སུ་གསལ་ལོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1