སྤྱོད་ལམ་དང་ཁྲིམས་ལུགས་།

བཀྲ་ཤིས་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


བོད་ཀྱི་མི་རྣམས་ནི་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ལས་མཆེད་སྐད། བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཏུ་བགྲངས་ལ། ལྷག་པར་དུ་ངོ་ཚ་དང་ཁྲེལ་གཞུང་ཡོད་ཅིང་ལས་རྒྱུ་འབྲས་ཀྱི་རྒྱ་མ་དྲང་བའི་མི་རིགས་ཤིག་ཏུ་འགྲངས་ཀྱང་བགྲངས་ལ་ཡིན་ཀྱང་ཡིན་པར་སེམས་ཡོད། ཡིན་ཡང་། བོད་པ་རྣམས་ཀྱི་ལག་ཏུ་ཁ་པར་ཤོར་བ་ནི་སྨྱོན་པའི་ལག་ཏུ་རལ་གྲི་ཤོར་བ་དང་གཉིས་སུ་མེད་པར་སྙམ་སྟེ། མི་ལས་དགུ་ལས་བྱེད་པའི་འགོ་བརྩམས་དང་རྩོམ་གྱིན་འདུག་གོ། །

སྤྱིར་ན་མི་ཞིག་ལ་དགའ་སྐྱོ་ཆགས་སྡང་ཡོད་པ་ནི་མི་ཐམས་ཅད་ཀྱི་གཤིས་སུ་གྲུབ་ཡོད་པས་ཀུན་གྱིས་དང་ལེན་བྱ་མི་ཐུབ་པ་ཞིག་གཏན་ནས་མ་ཡིན། ཡང་གཅིག་བཤད་ན། ཚུལ་མཐུན་གྱིས་འདོད་པ་སྤྱོད་པ་དེ་བསྐལ་བ་སར་ཆགས། བ་སོའི་ཁར་ཆགས་པ་ནས་ད་ལྟའི་བར་མིའི་རིགས་ཀུན་ལ་མངའ་བའི་བྱ་སྤྱོད་ཅིག་ཡིན་ལ། ཕོ་མོའི་མཐུན་སྦྱོར་གྱི་བྱ་སྤྱོད་དེ་རང་ངོས་ནས་ཁྲིམས་འགལ་ལུགས་འགལ་ཞིག་གཏན་ནས་མ་ཡིན་པར། དེ་ནི་མི་རྣམས་ཀྱིས་ཚུལ་མིན་དང་། ལུགས་མིན། གནས་མ་ཡིན་པ། ཡུལ་མ་ཡིན་པ། དུས་མ་ཡིན་པ་སོགས་སུ་ལོག་པར་སྤྱད་པས་མ་རུང་བ་ཞིག་ཏུ་གྱུར་ལ། དེས་མི་ཚད་པར་དེང་སང་མི་རྣམས་ཀྱིས་རང་གི་དགའ་རོགས་ལ་ལོག་པར་སྤྱད་རྗེས་བརྙན་ཕབ་པ་དང་པར་བླངས་ནས་མི་གཞན་ལ་བརྒྱུད་སྐུར་བྱེད་པ་དེ་སྲོལ་རྒྱུན་གྱི་སྐད་ཆ་ཞིག་གིས་བཤད་ན་ངོ་མ་དང་ཁྲེལ་གཞུང་མེད་པ། ལས་རྒྱུ་འབྲས་མ་བརྩིས་པ་རེད་ལ། དེང་རབས་ཀྱི་སྐད་ཆ་ཞིག་གིས་བཤད་ན་བོད་ཀྱི་མི་བུའི་རྩིས་ཐང་དང་ལྷག་པར་དུ་བོད་ཀྱི་བུད་མེད་རྣམས་ཀྱི་རྩིས་ཐང་ལ་རྡོག་བརྫིས་ཚབས་ཆེན་བཏང་བ་རེད་སྙམ།

ཉེ་ལམ། དྲ་ངོས་དང་ལྷག་པར་དུ་སྐད་འཕྲིན་གྱི་ནང་དུ་མི་མང་པོས་ས་ཁུལ་དང་། རིགས་རྒྱུད། མི་རིགས། རྒྱལ་ཁོངས་སོགས་ལ་དབྱེ་བ་མེད་པར་འཆལ་སྤྱོད་དང་འབྲེལ་བའི་བརྙན་ཐུང་མང་པོ་ཕན་ཚུན་བརྒྱུད་སྐུར་བྱེད་ཀྱིན་གདའ། ཁྱད་པར་དུ་དེང་སང་བོད་ཀྱི་མི་རྣམས་ལ་ཡང་དེ་འདྲའི་ལུགས་སྲོལ་ཞིག་དར་ཤིན་ཏུ་ཆེ་སྟེ། རང་གིས་དགའ་རོགས་དང་གཞན་གྱི་ཆུང་མ་སོགས་ལ་ཡུལ་དུས་དང་། གནས་མ་ཡིན་པ་སོགས་སུ་ལོག་པར་སྤྱོད་སྐབས་ཁ་པར་དུ་བརྙན་ཕབ་ནས་གང་དགར་གཞན་ལ་སྐུར་བའི་བྱ་སྤྱོད་དེས། བོད་ཀྱི་བུད་མེད་རྣམས་ཀྱི་རྩིས་ཐང་ལ་རྡོག་བརྫིས་བཏང་བ་ཕར་ཞིག །ཐ་ན་སྐྱེས་པ་རང་ལ་བློ་ཁོག་གཏད་པའི་བོད་ཀྱི་བུད་མེད་རྣམས་རྩེད་སྤྱད་བྱས་ཏེ་དམའ་འབེབས་བྱས་པ་དང་། བཟའ་ཚང་སྡུག་ལ་སྦྱར་ནས་སྐྱེས་པ་རང་ཉིད་དང་མི་རིགས་དེའི་ནང་ཁོང་ཀྱང་ཕྱི་ལ་བསྟན་ཡོད་པ་རེད། ང་ཚོས་རང་ཉིད་རྒྱུན་དུ་ཁ་ནས་གླེང་རྒྱུར་དགའ་བའི་བོད་མི་རིགས་ཀྱི་བྱམས་པ་དང་སྙིང་རྗེ། ལས་རྒྱུ་འབྲས་དང་ཁྲེལ་ངོ་ཚ་ཟེར་བ་དེའི་ངོས་ནས་གླེང་ཚེ། ང་ཚོའི་མི་རབས་འདི་ནི་སྔ་ས་ནས་ཕམ་ཁ་ཉོས་ཟིན་པའི་མི་རིགས་ཤིག་ཏུ་གྱུར་ཟིན་པར་ཁོ་བོས་འདོད། ང་ཚོས་ཕ་མེས་ཡང་མེས་ཚོའི་བླ་སྒུག་འདུག །ང་ཚོ་ལ་མཚོན་ན་ལས་རྒྱུ་འབྲས་དང་ཁྲེལ་ངོ་ཚ་སོགས་ཟེར་ན་དྲི་རྟགས་ཤིག་ཡིན་པར་སེམས། ད་དུང་བོད་མིའི་ཁ་དཔེར། རང་ལ་ལྟོས་ཏེ་ངོ་ཚ་ཞིག་དང་གཞན་ལ་ལྟོས་ཏེ་ཁྲེལ་ཞིག་ཅེས་ཡོད་པ་དེ་གཏན་དུ་བརྗེད་འདུག་པས། ང་ཚོའི་མི་རབས་འདི་ནི་ངོ་ཚ་དང་ཁྲེལ་གཞུང་བོར་བའི་མི་རབས་ཤིག་ཀྱང་ཅི་ལ་མིན་ཞེས་ཁོ་བོས་བསྒྲག་འདོད།

ང་ཚོ་ནི་བུད་མེད་ཐོབ་ཐང་ཚོགས་པས་གཤེ་གཤེ་དང་ཁ་རྡུང་ཉོས་པའི་བཙོན་མ་ཐགས་འདྲུད་འགའ་མ་ཏིན་པའི་ངེས་པ་ག་ལ་ཡོད། གལ་ཏེ་བོད་ཀྱི་བུད་མེད་རྣམས་ཀྱིས་ཁྲིམས་ལུགས་ཀྱི་མགོ་རྔ་ཧ་གོ་ཚེ། ང་ཚོ་ནི་སྔ་ས་ནས་མི་དམངས་ཁྲིམས་ཁང་དུ་སྡོད་པའི་བཙོན་མ་མགོ་རིལ་འགའ་མ་ཡིན་པའི་ངེས་པའང་གཏན་ནས་མི་འདུག་གོ།

དེའི་ཕྱིར། བོད་པ་རྣམས་ཀྱིས་ཀྱང་རང་གི་རིག་གནས་ནང་སྙིང་སྟེ་ལས་རྒྱུ་འབྲས་སྲུང་ཞིང་། ཁྲེལ་དང་ངོ་ཚ་ལྡན་པ་ཞིག་ལ་བརྩོན་རྒྱུ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་སེམས་ལ། གཞན་ཡང་མི་ཇུས་རིང་ལུགས་ཀྱི་ངོས་ནས་བཤད་ན་ཡང་། གཞན་གྱི་མི་གཞིའམ་མི་བུའི་རྩིས་ཐང་ལ་གོང་བཀུར་དང་བརྩི་འཇོག་བྱ་རྒྱུ་དེ་ཡང་དུས་ཀྱི་བགྲོད་པ་དང་མཐུན་པའི་བྱ་སྤྱོད་ཅིག་ཡིན་ནོ། །དེ་ལྟ་མ་ཡིན་ཚེ། འཇར་མན་གྱི་སྙན་ངག་པ་ཤིས་ལེ་ཡི་“སྨན་གྱིས་མ་འཆོས་པ་རྣམས་ལྕགས་ཀྱིས་འཆོས་ལ། ལྕགས་ཀྱི་མ་འཆོས་པ་རྣམས་མེ་ཡིས་འཆོས་”ཞེས་པའི་གསུང་བཞིན། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དེ་ནམ་ཞིག་གི་ཚེ་ན་ང་ཚོ་རང་རང་གི་མགོ་ལ་མི་ལྷུང་བའི་ཁ་ཚོན་སུས་ཀྱང་གཅོད་དཀའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1