ལུས་པོ་སྦྱོང་བརྡར་བྱེད་སྟངས་མ་འགྲིག་ན་པུས་མོར་གནོད་སྲིད།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


པུས་མོ་ནི་མིའི་གཟུགས་པོ་སྟེང་གི་ཧ་ཅང་གལ་ཆེ་པའི་གྲུབ་ཆ་ཞིག་ཡིན། དེ་ཡང་པུས་མོ་ལ་ཚིགས་རྒྱུས་བཞི་ཡིས་འདེགས་སྐྱོར་བྱས་ཡོད། དེ་ལས་ཚིགས་རྒྱུས་གཉིས་ནི་པུས་མོའི་གཞོགས་གཉིས་སུ་ཡོད་པ་དང་། དེའི་ནུས་པ་ནི་པུས་མོ་འཁོར་རྟེན་ལ་ཁ་བྲལ་བར་བཀག་འགོག་བྱེད་པ་དེ་ཡིན། དེ་ལས་གཞན་པའི་ཚིགས་རྒྱུས་གཉིས་ནི་པུས་མོའི་མདུན་ཕྱོགས་དང་རྒྱབ་ཕྱོགས་གཉིས་སུ་ཡོད། ནུས་པ་ནི་པུས་མོའི་རྒྱབ་མདུན་དུ་གནས་མི་སྤོ་བར་བཀག་འགོག་བྱེད་པ་དེ་ཡིན།

པུས་མོའི་རུས་ཚིགས་ནི་མིའི་ལུས་སྟེང་གི་ཅུང་ཆེ་བ་དང་རྙོག་འཛིང་ཆེ་བའི་རུས་ཚིགས་ཤིག་ཡིན། དེའི་ཐེག་ཤུགས་ཆེ་ལ་གྲུབ་ཚུལ་བརྟན་པོ་དང་བདེ་ལྕག་འཁྱུག་པོ་ཡིན། པུས་མོའི་རུས་ཚིགས་ན་བ་དེ་མི་རྣམས་ཀྱིས་སྣང་མེད་དུ་འཇོག་པའམ་ཡང་ན་གྲུམ་ནད་ཡིན་པར་ཐག་གཅོད་བྱས་པ་རེད། སྤྱིར་བཤད་ན། པུས་མོའི་རུས་ཚིགས་ན་བའི་རྒྱུ་རྐྱེན་གང་མང་ཡོད་ལ། རྒྱུན་ལྡན་འཚོ་བའི་ཁྲོད་དུ། རུས་ཚིགས་ན་བ་མང་ཆེ་བ་ནི་རྨས་སྐྱོན་ཕོག་པ་མ་ཡིན་པར། ལོ་ན་རྒས་བ་དང་བསྟུན་ནས་པུས་མོའི་རུས་ཚིགས་ལོ་མང་པོར་བརྡར་ནས་དེའི་ཉེ་འཁོར་གྱི་ཚིགས་རྒྱུས་ཞི་ལྷོད་དུ་སོང་ན་རུས་ཚིགས་བརྟན་པོ་མིན་པ། རུས་ལྷག་སྐྱེ་བ་སོགས་ནད་མང་པོ་འབྱུང་སྲིད་པ་རེད། དེ་ནས་ང་ཚོས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་པུས་མོར་སྲུང་སྐྱོབ་བྱེད་ཐབས་ཅི་འདྲ་ཡོད་དམ་ཞེས་ན། ཆེད་མཁས་པ་རྣམས་ཀྱིས་གསུངས་རྒྱུར། དུས་རྒྱུན་པུས་མོར་སྲུང་སྐྱོབ་བྱེད་ཐབས་ལ་ཕྱོགས་གཉིས་མཆིས་ཏེ། གཅིག་ནས་རྒྱུན་ལྡན་འཚོ་བའི་ཁྲོད་ཁུར་བོ་ལྗིད་མོ་འཁུར་མི་རུང་། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། པུས་མོ་ནི་ང་ཚོའི་ལུས་སྟེང་གི་གྲུབ་ཆ་ཧ་ཅང་གལ་ཆེན་ཞིག་ཡིན་པས། པུས་མོ་ཡན་ཆད་ཀྱི་ལྗིད་ཚད་ཚང་མ་པུས་མོས་ཁུར་དགོས། དེའི་རྐྱེན་གྱིས་དུས་རྒྱུན་དུ་ཁུར་བོ་ལྗིད་མོ་ཁུར་ན། པུས་མོ་ལ་གནོད་འཚེ་ཆེན་པོ་ཡོད་པར་མ་ཟད། པུས་མོའི་སྟེང་གི་རུས་པ་སྙི་མོ་དེ་ཡང་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཟད་འགྲོ་པའི་ཉེན་ཁ་ཡོད་པ་རེད། གཉིས་ནས་ལུས་པོ་སྦྱོང་བརྡར་བྱེད་སྐབས་ཡིད་གཟབ་བྱེད་དགོས་ས་གང་དག་ཡོད་དམ་ཞེ་ན། རི་དང་སྐས་སོགས་ལ་འཛེགས་ནས་ལུས་པོར་སྦྱོང་བརྡར་བྱེད་པ་དེས་པུས་མོར་གནོད་པ་ཆེན་པོ་ཐེབས་བཞིན་ཡོད། དཔེར་ན། གལ་ཏེ་མི་ཞིག་གི་ལུས་པོའི་ལྗིད་ཚད་རྒྱ་མ་100ཡིན་ན། དུས་རྒྱུན་རྐང་ཐང་ལ་འགྲོ་སྐབས། པུས་མོ་རེ་རེས་ཁུར་པའི་ལྗིད་ཚད་ནི་རྒྱ་མ་50རེད། ཡིན་ནའང་རི་དང་སྐས་སོགས་ལ་འཛེགས་སྐབས་པུས་མོས་ཁུར་པའི་ལྗིད་ཚད་ནི་རྒྱ་མ་400ནས་600དབར་དུ་འགྱུར་འགྲོ་བས། པུས་མོའི་ཁུར་པོ་ནི་ཧ་ཅང་ལྗིད་པ་རེད། གསུམ་པ་ནི་མི་ལ་ལ་རྒྱུག་ནས་སྦྱོང་བརྡར་བྱེད་རྒྱུར་དགའ། ཡིན་ནའང་དེ་པུས་མོར་ཆ་མཚོན་ནས་བཤད་ན་ཡང་གནོད་པ་ཆེན་པོ་ཡོད་པ་རེད། རྒྱུ་མཚན་ནི་པུས་མོའི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་འགུལ་སྐྱོད་མང་པོ་བྱས་ན་པུས་མོའི་རུས་པ་སྙི་མོ་དེའང་ཟད་སླ། ད་དུང་མི་ཁ་ཤས་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད།དེ་ཡང་པུས་མོ་སྲུང་སྐྱོབ་ཀྱི་ངོས་ནས་བཤད་ན། ཞབས་བྲོ་འཁྲབ་པ་དེ་སྦྱོང་བརྡར་བྱེད་སྟངས་དེ་འདྲ་བཟང་པོ་ཞིག་མིན་པ་འདྲ།

འོ་ན་གོང་གི་ལུས་པོ་སྦྱོང་བརྡར་བྱེད་སྟངས་དེ་དག་གིས་པུས་མོར་གནོད་པ་ཐེབས་བཞིན་ཡོད་ན། ང་ཚོས་པུས་མོ་ལ་གནོད་པ་མེད་པའི་སྦྱོང་བརྡར་ཅི་འདྲ་བྱེད་དགོས་སམ་ཞེ་ན། གཅིག་ནི་རྐང་ཐང་ལ་འགྲོ་རྒྱུ་དེ་རེད། ཚད་དང་རན་པའི་སྒོ་ནས་རྐང་ཐང་ལ་སོང་སྟེ་སྦྱོང་བརྡར་བྱས་ན། གཅིག་ནས་ལུས་པོ་སྦྱོང་བརྡར་ཐུབ་པ་དང་གཉིས་སུ་པུས་མོར་གནོད་པ་མེད། དེ་མིན་ང་ཚོ་གནས་སྐོར་སོགས་ལ་འགྲོ་བ་ཡང་དེ་བཞིན་རེད།

གཉིས་པ་གལ་ཏེ་ཁྱེད་རང་ལ་ཆ་རྐྱེན་ཡོད་ན། ཆུ་རྐྱལ་བྱེད་པ་ནི་ལུས་པོ་སྦྱོང་བརྡར་བྱེད་སྟངས་བཟང་པོ་ཞིག་ཡིན། དེ་སྐེ་ཚིགས་དང་སྒལ་ཚིགས། རྐེད་པ་སོགས་ལ་ཕན་པ་ཆེན་པོ་ཡོད་པར་མ་ཟད། པུས་མོ་ལའང་ཕན་པ་ཆེན་པོ་ཡོད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1