ན་གཞོན་མཁས་པ་ཚོའི་མིག་ལམ་གྱི་བོད་འབྲེལ་རྩེར་སོན་རིག་མཛོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-03



སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་རིག་གཞུང་གླེང་སྟེགས་ཀྱི་སྐོར་གླེང་བ།

          ཉེ་ཆར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་བོད་རིག་པའི་སློབ་ཚོགས་ཀྱིས་སྤེལ་བའི་སྐབས་བཞི་པའི་རིག་གཞུང་གླེང་སྟེགས་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཁག་སོ་སོ་དང་ཞིབ་འཇུག་ཚན་ཁག་གི་ན་གཞོན་མཁས་པ་ཚོས་བོད་འབྲེལ་རྩེར་སོན་རིག་མཛོད་བསྐྲུན་རྒྱུའི་བརྗོད་བྱ་གཙོ་བོ་འདི་ལ་དམིགས་ཏེ་སོ་སོའི་ལྟ་ཚུལ་བརྗོད་པ་དང་། ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱས་པ་རེད།

          “རིག་མཛོད”ནི་སྐབས་འདིའི་ན་གཞོན་རིག་གཞུང་གླེང་སྟེགས་སུ་ཡང་དང་བསྐྱར་དུ་གླེང་བའི་ཐ་སྙད་གཙོ་བོ་ཞིག་རེད།  ཅི་ཞིག་ལ་རིག་མཛོད་ཟེར་རམ། བོད་འབྲེལ་རིག་མཛོད་གང་འདྲ་ཞིག་བསྐྲུན་དགོས་སམ། བོད་འབྲེལ་རྩེར་སོན་རིག་མཛོད་ཞིག་ཇི་ལྟར་བསྐྲུན་རྒྱུ་བཅས་ཀྱི་ཐད་ལ་ད་ཐེངས་ཀྱི་གླེང་སྟེགས་སུ་ན་གཞོན་མཁས་པ་ཚོས་སོ་སོའི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་། བསམ་འཆར་དང་གྲོས་འགོ་སྣ་ཚོགས་བཏོན་པ་རེད། 
          ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེང་རབས་ཞིབ་འཇུག་ཚན་ཁག་གི་འགོ་གཙོ་གཞོན་པ་དང་ཞིབ་འཇུག་པ་གཞོན་པ་ཞའོ་ཅེ་ཡིས“གཞན་གྱི་ཉམས་མྱོང་ལས་ཐོབ་པའི་བསླབ་བྱ་དང་ལེགས་བཤད”ཅེས་པ་བརྗོད་གཞིར་བྱས་ཤིང་། རིག་མཛོད་འཕེལ་རྒྱས་ཀྱི་སྤྱིར་བཏང་གི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་བརྒྱུད་དེ། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་མཛོད་བྱེད་ནུས་ཕན་ཚུན་བསྡུར་བ་བྱས་པ་དང་།  རིག་མཛོད་ཀྱི་བྱེད་ནུས་ཤེས་རྟོགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་འབྲེལ་རིག་མཛོད་བསྐྲུན་དགོས་པའི་བསམ་ཚུལ་བསྟན་ལ། རྒྱ་ཁྱབ་ཆེ་བའི་སྤྱི་ཚོགས་དྲ་རྒྱ་དང་། འོས་འཚམ་ཀྱི་སྔོན་ཐོན་བསམ་བློའི་རྒྱགས་ཕྱེ་དང་རང་འགུལ་ངང་གྲོས་དོན་ཇུས་འགོད་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་འབྲེལ་རིག་མཛོད་བསྐྲུན་པར་ངེས་པར་དུ་ཁྱད་དུ་གསོད་དགོས་པའི་འགག་སྒོ་ཞིག་རེད་ཅེས་བསྟན།  དེང་རབས་ཞིབ་འཇུག་ཚན་ཁག་གི་ཞིབ་འཇུག་ལས་རོགས་པ་ཞའོ་ཝེ་ལིན་གྱིས་རང་ཉིད་ལ་ངོས་ཟིན་པ་དང་། ཕ་རོལ་གྱི་གནས་ཚུལ་རྟོགས་པ། ཤེས་ལྡན་མི་སྣ། ཁྱབ་སྤེལ་བཅས་ཕྱོགས་བཞི་ཡི་ཐད་ནས་བོད་འབྲེལ་རིག་མཛོད་བསྐྲུན་པའི་ཁྲོད་ཀྱི་ གྲོས་དོན་ཇུས་འགོད་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་གི་འབྲེལ་བ་ཐག་གཅོད་བྱེད་པ་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་ཁུངས་ཀྱི་ཏང་ཨུ་ལིའུ་ཕུན་གྱིས་མི་དོན་ལས་དོན་གྱི་ཐད་ནས་བོད་འབྲེལ་རྩེར་སོན་རིག་མཛོད་བསྐྲུན་རྒྱུ་དེ་ཤེས་ལྡན་མི་སྣ་དང་ཁ་འབྲལ་ཐབས་མེད་པར་བརྗོད་ཅིང་། ལམ་ལུགས་གསར་གཏོད་བྱས་པ་བརྒྱུད་དེ་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཏེ། འོས་ཤིང་འཚམ་པའི་ཤེས་ལྡན་མི་སྣ་དང་སྔོན་ཐོན་གྱི་སྒྲིག་སྲོལ་ཟུང་འབྲེལ་བྱས་ནས། ཕན་འབྲས་ཆེ་བའི་འཁོར་སྐྱོད་མ་ལག་ཅིག་ཆགས་པ་བྱ་རྒྱུ་ནི་མིག་སྔར་ཇི་ལྟར་བོད་འབྲེལ་རིག་མཛོད་བསྐྲུན་པར་བསམ་གཞིག་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པར་བསྟན།
          “བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། ལག་རྩལ་གསར་པ་བཅས་ནི་བོད་འབྲེལ་རིག་མཛོད་དུས་བསྟུན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན་ལ། རིག་ནུས་དང་རིག་མཛོད་ཕན་ཚུན་གདོང་ཐུག་སྟེ། རིག་ནུས་མ་ལག་གིས་རིག་མཛོད་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རུ་འཇུག་པ”ནི་སྐབས་འདིའི་གླེང་སྟེགས་ཀྱི་ལྟ་ཕྱོགས་གསར་པ་ཞིག་རེད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་བསོད་ནམས་སྐལ་ལྡན་གྱིས་སྲོལ་རྒྱུན་གྱི་ཤོག་བུའི་དཔེ་དེབ་དེ་དེང་རབས་ཅན་གྱི་རིག་ནུས་ཉེར་སྤྱོད་མཉེན་ཆས་སུ་གསར་སྤེལ་བྱས་ན་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་གསར་སྤེལ་བྱ་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་ལ། སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་གྱི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་བཏང་ནས་བོད་འབྲེལ་རིག་མཛོད་བསྐྲུན་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཆེན་པོ་ཡོད་པར་འདོད་བཞིན་ཡོད།
          སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཚན་ཁག་གི་ན་གཞོན་མཁས་པ་དགའ་སྐྱིད་ཀྱིས་བོད་ལྗོངས་དང་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ཕུལ་དུ་བྱུང་བའི་ན་གཞོན་གྱི་ཚོགས་ལ་དོ་ཁུར་བྱས་ཡོད་ཅིང་། ན་གཞོན་གྱི་སྟོབས་ཤུགས་དང་བོད་འབྲེལ་རིག་མཛོད་བསྐྲུན་པའི་བར་གྱི་འབྲེལ་བ་བརྗོད་པ་དང་། བོད་འབྲེལ་རིག་མཛོད་བསྐྲུན་པར་དོན་དངོས་ལ་གཞི་ཚུགས་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ། ཀླད་པའི་ནང་གི་བློ་གྲོས་དེ་མིག་མདུན་གྱི་གྲུབ་འབྲས་སུ་བསྒྱུར་དགོས་པའི་འདོད་ཚུལ་བསྟན་པ་རེད། 
          ན་གཞོན་མཁས་པ་ཚོའི་བསམ་ཚུལ་ལ། བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་། མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་རྒྱུ་ནི་བོད་འབྲེལ་རིག་མཛོད་བསྐྲུན་པའི་དོན་སྙིང་དེ་ཡིན་པར་འདོད་བཞིན་ཡོད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་ན་གཞོན་མཁས་པ་ཀྲང་ཀྲུང་ཡ་ཡིས་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་འགྲེམས་སྟོན་གྱི་ཐད་ནས་བོད་ལྗོངས་ཀྱི་གཏམ་རྒྱུད་བརྗོད་པ་དཔེ་རུ་དྲངས་ཏེ།   “དངོས་རྫས་ཀྱིས་ལོ་རྒྱུས་ར་སྤྲོད་པ”བརྒྱུད་ནས་རིག་གཞུང་གླེང་བ་མ་ཟད་ད་དུང་རྒྱ་ཁྱབ་ངང་ཁྱབ་སྤེལ་གཏོང་བ་ནི་བོད་འབྲེལ་རིག་མཛོད་བསྐྲུན་པར་དགོས་མཁོ་ཧ་ཅང་ཆེ་བའི་བྱེད་ཐབས་ཤིག་ཡིན་པར་བསྟན། 
          བོད་ལུགས་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་ན་གཞོན་མཁས་པ་ལུའོ་ཧུའེ་ཡིས“དུས་ཡུན་རིང་པོར་བོད་ལ་འཛུགས་སྐྲུན་བྱེད་པར་བདེ་ཐང་གི་འགན་ལེན་བྱེད་པ”ཞེས་པ་བརྗོད་གཞིར་བཟུང་ཤིང་། རང་གི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཐད་ནས་འགོ་ཚུགས་ཏེ། མཐོ་སྒང་མི་འཕྲོད་པའི་ནད་གཞིའི(“བཟི་དབྱང་ནད་རྟགས”སམ་ཡང་ན་ས་བབ་དམའ་སའི་ཚོར་བ་ཡང་ཟེར། )སྨན་བཅོས་དང་ཞིབ་འཇུག་གི་ལམ་ནས་མཐོ་སྒང་གི་གསོ་རིག་རྨང་གཞི་དང་ཉེར་སྤྱོད་ཞིབ་འཇུག  དེ་བཞིན་ནད་ཐོག་སྨན་བཅོས་ཀྱི་ཚན་ཞིབ་སྒོ་བསྟེན་སྨན་ཁང་འཛུགས་པར་ཤུགས་རྒྱག་དགོས་པ་སོགས་ཚན་རིག་རང་བཞིན་དང་ཆེད་ལས་རང་བཞིན་ལྡན་པའི་ལྟ་བ་རབ་དང་རིམ་པ་བཏོན། 
          ལོ་རེའི་ཟླ11པ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཟླ་བ་ཡིན་ལ། ན་གཞོན་མཁས་པ་རྣམས་ཀྱིས་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་ཁྱེར་ནས་རིག་གཞུང་བྱ་འགུལ་སྣ་ཚོགས་ལ་ཞུགས་པ་དང་། ཞིབ་འཇུག་ཁྱབ་ཁོངས་གཅིག་པའི་མཁས་པར་ཕན་ཚུན་འབྲེལ་བ་དང་བགྲོ་གླེང་།  གྲོས་བསྡུར་བཅས་བྱེད་ཅིང་། བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་ཡང་ཡུལ་དངོས་སུ་སླེབས་ནས་ན་གཞོན་མཁས་པ་རྣམས་ཀྱི་གཏམ་བཤད་ལ་ཉན་ནས་ཁོང་ཚོར་རིག་གཞུང་གི་སློབ་སྟོན་བྱེད་ཀྱི་ཡོད།
          ན་གཞོན་བོད་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཅན་གྱིས་ཕྱོགས་སྡོམ་གནང་སྐབས་བརྗོད་དོན། “ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་རྒྱལ་ཡོངས་ཀྱི་བོད་འབྲེལ་རིག་མཛོད་གལ་ཆེན་ཞིག་ཡིན་པས། ང་ཚོས་འདས་ཟིན་པར་ཕྱིར་བལྟ་བྱ་རྒྱུ་མི་བརྗེད་པར་མདུན་དུ་བསྐྱོད་ཚེ་ད་གཟོད་གསར་གཏོད་བྱེད་ཐུབ། བོད་འབྲེལ་རིག་མཛོད་ནས་བོད་འབྲེལ་རྩེར་སོན་རིག་མཛོད་བར་གྱི་ཁྱད་པར་ནི་གྲངས་ཚད་ཀྱི་ཁྱད་པར་ཙམ་མིན་པར་ངོ་བོའི་ཁྱད་པར་ཡོད། བརྒྱུད་རིམ་འདིའི་ཁྲོད་དུ་ང་ཚོས་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ཏེ། དུས་རབས་ཀྱི་བབ་དང་བསྟུན་ནས། ཚང་མས་རང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་ཐུན་མོང་ཐོག་དམིགས་ཡུལ་འདི་འགྲུབ་པར་འབད་བརྩོན་བྱེད་དགོས”ཞེས་བསྟན།  
          སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་རིག་གཞུང་གླེང་སྟེགས་ནི་ན་གཞོན་བོད་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་ལྷ་བྱམས་རྒྱལ་གྱིས་གཙོ་སྐྱོང་གནང་བ་དང་། ན་གཞོན་བོད་རིག་པའི་སློབ་ཚོགས་ཀྱི་དྲུང་ཆེ་ཀྲང་ལི་ཝུན་གྱིས2020ལོའི་ལོ་འཁོར་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་བོད་རིག་པའི་སློབ་ཚོགས་དང་ན་གཞོན་བོད་རིག་པའི་གཞུང་ལུགས་སློབ་སྦྱོང་ཚོ་ཆུང་གི་ལས་དོན་སྙན་སེང་ཞུས་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1