༄༅།།སྙན་རྩོམ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-03


        རང་བྱུང་གོ་ལའི་འཕང་དུ་འཕགས་པའི་ས་མཐོའི་སྲིད་པའི་འཇིག་རྟེན་དུ། །ལྗོངས་ཞིང་ལྔ་ཡི་ཤར་རིའི་རྩེ་ནས་གངས་ལྗོངས་ཉི་གཞོན་འོད་དུ་འཚེར། །རིག་པའི་དཔའ་བོ་དུ་མའི་ཐུགས་བཅུད་རྣམ་དཔྱོད་གླིང་བཞིར་འདྲེན་པ་ཡིས། །རིག་གནས་བྱེ་བའི་ཤེས་བྱའི་སྒོ་མང་བློ་གསལ་གཞོན་ནུའི་དཔལ་དུ་འབྱེད། །ཟོལ་མེད་ལྷག་བསམ་འོ་མའི་ཆུ་གཏེར་ནོར་འཛིན་དགའ་མའི་ལྟོ་བར་འཁྱིལ། །གཞན་དོན་དགྱེས་པའི་ཞལ་གྱི་པདྨོ་རྣམ་དཀར་འཛུམ་གྱིས་མདངས་སུ་བཞད།།ལས་ལ་བརྩོན་ཞིང་སྤྲོ་བས་དྲངས་པའི་ཞུམ་མེད་སྙིང་སྟོབས་དཔལ་མངའ་བའི། །ཞིང་འབྲོག་ཡོངས་ལ་རྫོགས་ལྡན་གསར་པའི་བདེ་སྐྱིད་འཚོ་བའི་ལམ་ཆེན་སྐྲུན།།རྒྱལ་དོན་ཇུས་བཟང་གཏམ་གྱིས་སྙད་པའི་དབྱར་གྱི་རྔ་གསང་མཁའ་ལ་བརྡུང་། །སྙན་འཇེབས་ལོ་རྒྱུས་གཏམ་གྱི་རོལ་མོས་ཐོས་འཛིན་དཔྱིད་ཀྱི་དཔལ་ཡོན་བཞད།།སྒྱུ་རྩལ་མཁན་པོས་མཁས་པའི་གྲགས་སྙན་སུམ་གཉིས་ས་ཡི་དཀྱིལ་དུ་འབར།།འཇིག་རྟེན་གོ་ལའི་གསང་བའི་ཤེས་བྱ་ཚན་རྩལ་རིག་པའི་ཀློང་དུ་བརྡོལ།།རི་བྲག་མཚོ་གསུམ་ཉམས་དགའི་བསྟི་གནས་གཟུགས་སྣང་སྨྱན་སྦྱོར་མཚར་སྡུག་རྫོགས།།རིག་གནས་རིན་ཆེན་གཞལ་མེད་སྤྲོས་པའི་དབྱངས་གསལ་འཕྲིན་སྦྱོར་ཕོ་ཉ་འགྱེད།།ཤེས་བྱ་ཡངས་པའི་ཐང་ཆེན་འགྲིམ་པའི་མཁྱེན་རབ་རྐང་འགྱོགས་གློག་ལས་མྱུར།།ལྐོག་གྱུར་ཟབ་མོའི་མཁྱེན་པར་རབ་རྒྱས་རྗས་སྔགས་གསང་བའི་མིག་སྨན་བསྩལ།། སྲོལ་རྒྱུན་རིག་གཞུང་རིག་པའི་མེ་ཏོག་རྣམ་དཔྱོད་ཡངས་པའི་ཐང་ཆེན་བཞད།།དེང་རབས་ཤེས་བྱ་ཟ་འོག་རྣམ་བཀྲའི་སྐར་ཚོགས་འོད་ཀྱིས་བཀྲག་མདངས་འཚེར།།རིག་པའི་རྩལ་གྱིས་གསར་གཏོད་ལམ་ནས་རྣམ་མང་ཤེས་བྱའི་ཟེགས་མ་འཐུ།།ཞིང་འབྲོག་རྒན་པོའི་བཞིན་གྱི་དོ་ར་མཛེས་པའི་རླབས་ཀྱིས་འཛུམ་མདངས་གྲོལ།། གོ་ལའི་ལྟེ་བར་གངས་རིའི་མུ་འཁྱུད་མ་ཧཱ་བྷོ་ཊའི་གནས་མཆོག་ཏུ། །བེེཌཱུརྱ་ཡི་མེ་ལོང་མདངས་གསལ་གནམ་སྔོན་རྒྱ་མཚོའི་འཇིངས་དབུས་སུ། །རབ་དཀར་ལྷུན་པོའི་ཕྲག་ཏུ་བཏེགས་པའི་སྲིད་པའི་སྒྲོན་མེ་རབ་འབར་བའི། །སྟོང་གསུམ་ཀུན་ཁྱབ་འོད་ཀྱི་དྲ་བས་གླིང་བཞིའི་མུན་པ་མཐའ་ནས་བསྐྱུངས། །གསེར་མདོག་བཞུས་པའི་ཁུ་བས་ལེགས་བྱུག་དགུན་ཟླ་ར་བའི་མདངས་འཚེར་ཞིང་། །ཁ་བའི་འདབ་མས་གོས་སུ་འཐག་པའི་སྐྱི་སེར་རླུང་གིས་གླིང་བུ་འབུད། །ནོར་འཛིན་རྒད་མོའི་ལྟོ་བར་འཁྱིལ་བའི་ཆུ་གཏེར་ཤེལ་དཀར་སྦུབས་སུ་འཐུམས། །ཞིང་འབྲོག་ཡོངས་ཀྱི་དགུན་ཟླའི་དམག་གིས་གྲང་ངར་མཚོན་ཆའི་གདོང་ལེན་བྱས། །གསེར་གྱི་མནྜལ་ཐང་མར་བརྡལ་བའི་གནམ་བདེ་སྒོ་མོའི་ཐང་ཆེན་ནས། །པདྨ་རཱ་གས་ལྷུན་པོར་བརྩེགས་པའི་མི་འགྱུར་རབ་བརྗིད་ཕོ་བྲང་མདུན། །དངུལ་དཀར་མདངས་འཕྲོ་དུང་གི་གཞལ་ཡས་མི་དམངས་ཚོགས་ཁང་ཆེན་མོ་ནས། །ཏང་དང་སྲིད་ཀྱི་འཁོར་ལོས་སྒྱུར་རྒྱལ་ཀྲུང་ཞིའི་གླེང་བཏེགས་དབུས་ན་བརྗིད། །ཟབ་གསལ་ཡངས་པའི་བོད་སྐྱོར་འཛུགས་སྐྱོང་རྡོ་རྗེའི་བཀའ་ལུང་རབ་སྙན་པའི། །གསུང་གི་གཟི་བྱིན་རབ་ཏུ་འབར་བའི་ས་མཐོའི་སྲིད་པའི་འཇིག་རྟེན་དུ། །ལྷང་ལྷང་གྲགས་པའི་ཐོས་འཛིན་བུ་མོའི་མཐོ་རིས་བདེ་དགའ་རབ་རྫོགས་པའི།།སེམས་ཀྱི་ལྷ་མོས་པདྨའི་ཞལ་བཟང་ཚེམས་དཀར་བཞད་པའི་ཟེའུ་ཕྲེང་གསལ།།


 



རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1