༄༅།།ནང་བསྟན་དུ་ཚེ་སྲོག་རེ་རེ་བཞིན་འཁོར་བའི་རང་བཞིན་དུ་ངེས་ཟེར་བ་ནི་བློ་རིག་གིས་རྟོག་དགོས་པ་ཞིག་ཡིན།

པདྨ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-04



         རང་བྱུང་ཁམས་སུ་ཆུ་གྲུབ་པའི་ཆ་རྡུལ་ཏེ། H2Oཡིས་དངོས་སུ་ཚེ་སྲོག་གི་འཁོར་སྐྱོད་བརྒྱུད་བཞིན་ཡོད། ཐོག་མར་ས་སྟེང་གི་བྱ་དངོས་ཡོད་ཚད་དང་མི་འདྲ་བར། ཆུ་ནི་རྣམ་པ་གསུམ་གྱི་སྟེང་གནས་ཡོད་དེ། དེ་དག་ནི་སྲ་གཟུགས་དང་གཤེར་གཟུགས། རླངས་གཟུགས་བཅས་ཡིན། ཆུ་ཡི་གཟུགས་མི་འདྲ་བའི་འགྱུར་ལྡོག་ལ་མཁོ་བའི་ནུས་ཚད་ལྟོས་བཅས་ཀྱིས་ཅུང་དམའ་བས་ཆུ་ནི་གཟུགས་མི་འདྲ་བ་གསུམ་གྱི་བར་ནས་ཕན་ཚུན་བརྗེ་སྒྱུར་བྱེད་པ་རེད། དེར་བརྟེན་ནས་ཆུ་གང་སར་ཁྱབ་ཡོད། དཔེར་ན་མིའི་གཟུགས་པོའི་60%ཆུས་ཟིན་ཡོད་ལྟ་བུ། རི་བོ་མཐོན་པོའི་རྩེ་དང་གྲང་ངར་ཆེ་བའི་ལྷོ་བྱང་སྣེ་རུ་ཆུ་ནི་འཁྱགས་རོམ་དང་ཁ་བའི་གཟུགས་སུ་གནས་ཤིང་། ཆུ་ནི་ས་འོག་གི་ཆུའི་རྣམ་པ་ལྟར་ས་འོག་ཏུ་གནས་ཐུབ་ལ། དུས་ནམ་ཡིན་རུང་རླུང་ཁམས་ཆེན་མོའི་ནང་གི་རླངས་པ་འདུས་ཚད་ཧ་ལམ12900km3ཡིན་པ་དེ་ལྗིད་ཚད་ཏུན་དུང་ཕྱུར129ཡིན། གལ་ཏེ་རླངས་པ་འདི་དག་དུས་མཚུངས་སུ་ཆར་ཆུ་འབབ་པའི་རྣམ་པའི་ཐོག་ནས་སའི་གོ་ལའི་ངོས་སུ་བབས་ཚེ་དེའི་ཆ་སྙོམས་མཐུག་ཚད་ལི་སྨི2.5ལ་སླེབས་ཐུབ་པ་མ་ཟད་གོ་ལ་ཧྲིལ་པོའི་གཤོང་ས་ཚང་མར་ཁྱབ་ཐུབ། མཁའ་དབུགས་ཁྲོད་ཀྱི་རླངས་པས་དམར་ཕྱིའི་རླབས་རིང་ཁྱབ་འགྱེད་འོད་རྣམས་བསྡུ་ལེན་བྱེད་ཐུབ་ལ། དེའི་འདུས་ཚད་ནི་དྲོད་ཁང་ནུས་པ་ལྡན་པའི་རླངས་གཟུགས་གཞན་དག་གི་འདུས་ཚད་ལས་ཆེས་ཆེར་བརྒལ་བས་རླངས་པ་ནི་དྲོད་ཁང་རླུང་གཟུགས་གལ་ཆེན་ཞིག་ཡིན། གནམ་གཤིས་ཇེ་དྲོ་རུ་ཕྱིན་པ་དང་བསྟུན་ནས་རླུང་ཁམས་ཆེན་མོའི་ནང་གི་རླངས་པ་འདུས་ཚད་ཀྱང་ཇེ་མང་དུ་འགྲོ་བ་དང་དེ་བཞིན་གནམ་གཤིས་ཀྱང་ཇེ་དྲོར་འགྲོ་བཞིན་མཆིས། 
         སའི་གོ་ལའི་སྟེང་གི་ཆུ་ནི་ལོ་དུང་ཕྱུར38ནས42.8སྔོན་ནས་གནས་ཡོད། འོ་ན་ཆུ་འདི་དག་ནམ་ཡང་ཡལ་བ་མེད་པར་ཚད་མེད་འཁོར་རྒྱུག་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རང་བྱུང་ཁམས་ཀྱི་ཆུའི་འཁོར་རྒྱུག་ཅེས་པ་ནི་ཆུ་སའི་གོ་ལ་ནས་རླུང་ཁམས་ཆེན་མོ་དང་། ཡང་རླུང་ཁམས་ཆེན་མོ་ནས་སའི་གོ་ལར་ཕྱིར་ལོག་སྟེ་ནམ་ཡང་རྒྱུན་ཆད་མེད་པའི་བརྒྱུད་རིམ་ལ་ཟེར་ཞིང་དེ་ལ་འགོ་རྩོམ་ས་མེད། ཁྱེད་ཀྱིས་འདི་ལྟར་སྙམ་པར་བྱ་སྟེ། སྐམ་ས་དང་། རྒྱ་མཚོ། རླུང་ཁམས་ཆེན་མོ་བཅས་ཆུ་རྫིང་ཆེ་གྲས་གསུམ་དུ་བལྟས་ཚེ། སའི་གོ་ལའི་ལྗིད་ཤུགས་ནུས་པ་དང་རླུང་ཁམས་ཆེན་མོའི་ནང་གི་རླུང་གནོན་སྐས་རིམ་ནུས་ཤུགས་ནི་ཆུའི་རྒྱུ་ས་ཡིན་པས་འདིའི་འཁོར་རྒྱུག་གི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུ་ནི་ཉི་མ་ཡིན།(དཔེ་རིས1པོ་ལས་ཤེས་ཐུབ།) ཉི་མའི་འོད་ཀྱི་འཕྲོ་ཐིག་སྐམ་སའི་ཕྱི་ངོས་དང་རྒྱ་མཚོའི་ཕྱི་ངོས་སུ་འཕྲོས་རྗེས། ཕྱི་ངོས་ཀྱི་ཆུའི་ཆ་རྡུལ་གྱིས་ཚ་ཚད་བསྡུ་ལེན་བྱས་པའི་རྐྱེན་གྱིས་ནུས་ཚད་འདང་ངེས་ཤིག་ལོན་རྗེས་ཁོར་ཡུག་གི་འཆིང་རྒྱ་ལས་ཐར་ཏེ་མཁའ་རླུང་ནང་ཡར་འཕྱུར་བ་དང་རང་དགར་གྱིས་རླངས་གཟུགས་སུ་འགྱུར་བ་ཡིན། གཤེར་གཟུགས་ནས་རླངས་གཟུགས་སུ་འགྱུར་བའི་བརྒྱུད་རིམ་འདི་ལ་རླངས་འགྱུར་ཟེར། གཞན་ཡང་རྩི་ཤིང་གིས་རྩ་པ་ལ་བརྟེན་ནས་ས་འོག་གི་ཆུ་སྡུད་ལེན་བྱས་པ་འོད་སྦྱོར་ནུས་པར་བརྟེན་ནས་རླངས་གཟུགས་སུ་འགྱུར་བ་དང་། དུས་མཉམ་དུCO2བསྡུ་ལེན་བྱས་པའི་བརྒྱུད་རིམ་འདི་ལ་རླངས་འཕྱུར་ཟེར། རླངས་འགྱུར་དང་རླངས་འཕྱུར་གཉིས་མཉམ་དུ་འདུས་ཚེ་དེ་ལ་རླངས་པ་འཐུལ་བ་ཟེར། རླངས་པ་འཐུལ་བ་ནི་སའི་གོ་ལའི་སྟེང་གི་ཆུའི་འཁོར་རྒྱུག་གི་གོ་རིམ་གལ་ཆེན་ཞིག་ཡིན། རླུང་ཁམས་ཆེན་མོའི་ནང་གི་རླངས་པ་དེ་རླུང་གནོན་སྐས་རིམ་གྱི་ནུས་པར་བརྟེན་ནས་མཁའ་དབུགས་ཁྲོད་དུ་རང་དགར་གྱིས་འགུལ་སྐྱོད་བྱེད་པ་ཡིན། ཆ་རྐྱེན་འོས་འཚམ་འོག་མཉམ་དུ་འདུས་ནས་སྤྲིན་དུ་འགྱུར་བ་ཡིན་ལ་དེའི་ནང་གི་ཆུ་ཐིགས་ཁ་ཤས་ཇེ་ཆེར་ཕྱིན་པས་མཐར་ལྗིད་ཤུགས་ཀྱི་ནུས་པའི་འོག་སའི་གོ་ལའི་ངོས་སུ་འབབ་ཀྱིན་ཡོད། བརྒྱུད་རིམ་འདི་ལ་ཆར་ཆུ་འབབ་པ་ཟེར་ཞིང་། ཆར་བ་འབབ་པའམ་ཡང་ན་ཁ་བ་འབབ་པ་ནི་ཆུ་འཁོར་རྒྱུག་བྱེད་པའི་གོ་རིམ་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་གཞན་ཞིག་ཡིན། ས་ངོས་སུ་བབས་པའི་ཆུ་ནི་ཆ་ཤས་ངོས་མི་སྙོམས་པའི་ས་ངོས་བརྒྱུད་དེ་འབབ་ཆུ་བརྒྱུད་ནས་མཚེའུ་རུ་འབབ་པའམ་ཡང་ན་མཐར་རྒྱ་མཚོའི་ནང་དུ་འབབ་པ་དང་དེའི་ཆ་ཤས་ས་འོག་ཏུ་ཐིམ་ནས་ས་འོག་གི་ཆུར་གསབ་པ་རེད། ས་འོག་གི་ཆུ་ནི་ས་ངོས་ཀྱི་ཆུ་བོའི་བཞུར་རྒྱུན་ལྟར་མགྱོགས་པོ་མེད་ཀྱང་དེའང་མཐའ་མར་རྒྱ་མཚོར་འབབ་དགོས། ཆར་ཆུ་ཁག་གཅིག་གངས་འཁྱག་ལྟར་གསོག་འཇོག་བྱས་ཏེ་ཞུ་ཚད་དལ་བ་དང་བསྟུན་ནས་ཆུ་རྒྱུན་གསབ་པ་དེ་ལ་རང་བྱུང་ཆུ་མཛོད་ཅེས་བརྗོད་ཀྱིན་ཡོད། འདི་ནི་རང་བྱུང་གི་ཆུའི་འཁོར་རྒྱུག་གི་བརྒྱུད་རིམ་ཞིག་ཡིན། གོ་ལ་ཧྲིལ་པོའི་སྐམ་སའི་ཐོག་གི་ཆུའི་མང་ཉུང་དོ་མཉམ་ཡོང་བའི་ཚད་གཙོ་བོ་ནི་ས་ངོས་སུ་བབས་པའི་ཆར་ཆུ(སྨི0.77)དང་། ས་ངོས་ཀྱི་བཞུར་རྒྱུན(སྨི0.29)ཆུ། རླངས་པ་འཐུལ་བ(སྨི0.48)བཅས་ཡིན། གོ་ལ་ཧྲིལ་པོར་སྐམ་སའི་ངོས་དང་རྒྱ་མཚོའི་ངོས་ཀྱི་ཆུ་འབོར་དོ་མཉམ་པའི་ཐབས་ནི་ཆར་ཆུ་དང་རླངས་འཕྱུར་མ་གཏོགས་མེད་ལ་སོ་སོར་སྨི1ཙམ་ལས་མེད། དེ་ལས་རླངས་པ་འཕྱུར་ནས་སའི་གོ་ལའི་ཕྱི་ངོས་ནས་རླུང་ཁམས་ཆེན་མོར་སྐྱེལ་བ་དང་། ཆར་ཆུ་ལ་བརྟེན་ནས་ཡང་བསྐྱར་རླུང་ཁམས་ཆེན་མོ་ནས་ས་ངོས་སུ་འབབ་པ་རེད། དེ་དག་གི་ཚད་འདྲ་མཚུངས་ཡིན་པས་དོ་མཉམ་གྱི་རྣམ་པར་སླེབས། འདི་ལྟར་ཆུའི་འཁོར་རྒྱུག་ནི་དུས་དང་རྣམ་པ་ཀུན་ཏུ་གནས་པས་ནམ་ཡང་མཚམས་འཇོག་རྒྱུ་མེད། ཁྱོད་ཀྱི་ལུས་སྟེང་གི་ཆུའི་ཆ་རྡུལH2Oནི་ལོ་ངོ་ཁྲི་སྟོང་ཕྲག་འགའི་ཡར་སྔོན་ལ་རྒྱུད་ཆད་ཟིན་པའི་ཁུང་འབྲུག་གི་ལུས་སྟེང་ནས་མཚམས་བཞག་མྱོང་། 

         ཆུ་འཁོར་རྒྱུག་བྱེད་པའི་མཚོན་རིས། དེའི་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ནི་ཉི་མའི་འོད་ཀྱི་འཕྲོ་ཐིག་དང་། རླངས་འགྱུར། རླངས་འཕྱུར། སྤྲིན་པ། ཆར་ཆུ། སྲ་གཟུགས་རླངས་འགྱུར། ས་ཐིམ། ས་ངོས་ཀྱི་ཆུ་རྒྱུན།  ས་འོག་གི་ཆུ། ཁ་བ། གངས་རི་དང་འཁྱགས་རོམ་དང་དེའི་བཞུས་ཆུ་བཅས་ཡིན།
         ཡིན་ནའང་། མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་རང་བྱུང་གི་ཆུའི་འཁོར་རྒྱུག་ལ་འགྱུར་ལྡོག་བྱུང་ཡོད་པ་དང་། ལྷག་པར་དུ་ས་ངོས་ཀྱི་ཆུའི་བགོ་བཤའ་ལ་འགྱུར་ལྡོག་བྱུང་ཡོད།  མི་རྣམས་ཀྱིས་ཆུ་མཛོད་བསྐྲུན་པ་དེས་ཆུ་ལམ་གྱི་ཆུའི་དུས་ཚིགས་བགོ་བཤའ་ལ་འགྱུར་ལྡོག་བཏང་སྟེ། རང་བྱུང་ཆུ་རྐའི་ཁ་ཕྱོགས་བསྒྱུར་ནས་ཆུ་རྐའི་ཡལ་ག་ཇེ་མང་དང་ཆུ་རྐའི་ཁ་ཕྱོགས་དཀྱོགས་ཏེ་ཞིང་ཁར་དྲངས་ནས་ཞིང་ལས་ཐོན་སྐྱེད་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ཡོད། མི་རྣམས་ཀྱིས་ས་འོག་གི་ཆུ་འཐེན་ནས་གྲོང་ཁྱེར་དུ་འཚོ་བ་རོལ་བ་དང་། བཟོ་ལས་དང་ཞིང་ལས་ཐོན་སྐྱེད་བཅས་ལ་མཁོ་བའི་ཆུ་མཁོ་འདོན་བྱེད་ཀྱིན་ཡོད། གལ་ཏེ་ཚན་རིག་དང་མཐུན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལུགས་མཐུན་ཆུའི་ཐོན་ཁུངས་ཀྱི་འཆར་འགོད་གཏན་འབེབས་བྱས་པ་མ་བརྟེན་པར་ཆུའི་ཐོན་ཁུངས་གང་བྱུང་དུ་སྤྱད་ཚེ་རང་ཤུགས་སུ་ཉེས་ཆད་ཕོག་ངེས་རེད། ཡ་གླིང་དབུས་མའི་ཚྭ་མཚོ་འབབ་རྒྱུད་ནས་མིའི་རིགས་ཀྱིས་ཆུའི་ཐོན་ཁུངས་ཧམ་འཕྲོག་བྱས་པས་ས་གནས་དེ་གའི་ཆུའི་འཁོར་རྒྱུག་གི་བརྒྱུད་རིམ་ལ་འགྱུར་ལྡོག་བཏང་བས། འཛམ་གླིང་ཐོག་གི་དེ་སྔ་ཚྭ་མེད་མཚེའུ་ཆེ་གྲས་བཞི་པ་ཡིན་པ་དེ1960ལོའི་སྤྱི་ལེ་གྲུ་བཞི68000ནས2017ལོའི་སྤྱི་ལེ་གྲུ་བཞི9500བར་ཆུང་དུ་ཕྱིན་པ་དང་། ཚྭ་མཚོ་དང་ཉེ་བའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཁ་ལ་ཕ་ཁེ་སི་ཐན་རང་སྐྱོང་ལྗོངས་མོ་དབྱི་ན་ཁེ་གྲོང་རྡལ་གྱི་སྣོད་བཅུད་མ་ལག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ཉ་ལས་རྨག་མེད་ཏུ་འགྲོ་བའི་ཉེན་ཁ་ཆེ་ལ། གྲུ་ཁ་བསྐྱུར་ཞིང་ཉ་གྲུར་བཙའ་ཆགས་ཡོད། (རི་མོ2པ་ལས་མཐོང་ཐུབ།) མཚེའུ་སྐམ་པོའི་འོག་བྱེ་ཐང་དུ་གྱུར་ཏེ་བ་ཚྭ་རིགས་ཀྱི་དིམ་བསགས་དངོས་པོ་རླུང་དང་འགྲོགས་ནས་འཐོར་བས་ས་གནས་དེ་གའི་མཁའ་དབུགས་ཀྱང་འབག་བཙོག་བཟོས། ཚྭ་མཚོ་ཡི་གནོད་འཚེ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“མིའི་རིགས་ཀྱི་ཁོར་ཡུག་གི་གནོད་འཚེ་ཆེ་ཤོས་ཀྱི་གྲས་སུ”གཏན་འཁེལ་བྱས་ཡོད། ཚད་མེད་པའི་མིའི་རིགས་ཀྱི་བྱེད་སྒོ་དེ་རིགས་ལས་ཚྭ་མཚོའི་མཐའ་འཁོར་ས་ཁུལ་ལ་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཐོན་ཡོད་པས་མི་རྣམས་ཀྱིས་བསམ་བློ་ནན་མོ་གཏོང་འོས་པ་ཞིག་རེད།

         དེ་སྔ་ཚྭ་མཚོ་ཆགས་ས་རུ་ད་ལྟ་ཉ་གྲུར་བཙའ་ཆགས་ནས་སྐྱེ་ཁམས་ལ་གནོད་སྐྱོན་བྱུང་བའི་དཔང་པོར་གྱུར།   

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1