༄༅།།སྡེ་དགེ་པར་ཁང་དུ་ཕྱིན་པའི་ཟིན་བྲིས།

པདྨ་མཁའ་འགྲོ། རྩོམ་སྒྲིག་པ།རྩོམ་སྒྲིག་པ་དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 12-04


      2019ལོའི་ཟླ7པའི་ཚེས14ཉིན་ངེད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡིག་ཚང་འཛིན་གྲྭ་མདོ་སྟོད་ཁམས་ཕྱོགས་ཀྱི་གནས་འགངས་ཆེན་དག་ལ་ཡུལ་དངོས་རྟོག་དཔྱོད་དུ་འགྲོ་བའི་གོ་སྐབས་ཤིག་བྱུང་བས།གཙོ་ཆེར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་དམིགས་འབེན་དུ་བཟུང་སྟེ་སོང་བ་ཡིན།མྱུར་མགྱོགས་བྱ་ཡི་འགྲོས་དང་ལྡན་པའི་རླངས་འཁོར་གྱིས་ཇ་ཐུན་རེ་འཐུང་བའི་ཡུན་ལ་ང་ཚོ་སྡེ་དགེ་རྫོང་གི་གནས་སུ་ལྷགས།དེ་ནས་ཀུན་ཆེན་གྲོང་རྡལ་ཕྱོགས་སུ་ཆས་པས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་མཇལ་ཐུབ་པ་བྱུང་།

微信图片_20200710095347.jpg

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནི་མཁས་དབང་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་སྐྱེས་ཆེན་དུ་མའི་འཁྲུངས་ཡུལ་ཡིན་ཞིང་།སྙན་པའི་གྲགས་པ་གང་སར་ཁྱབ་ཡོད་པའི་དགོན་སྡེ་མང་པོ་ཞིག་གནས་འདིར་ཡོད།དེར་མ་ཟད་སྡེ་དགེ་རུ་ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ།བོད་ཀྱི་པར་ཁང་ཆེན་མོ་གསུམ་གྱི་ཡ་གྱལ་ཏེ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་བཅས་ཡོད་དོ།།

གཅིག སྡེ་དགེ་པར་ཁང་ཆེན་མོ་ངོ་སྤྲོད་རགས་བསྡུས།

སྡེ་དགེ་པར་ཁང་ཆེན་མོའི་མིང་ཆ་ཚང་ལ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ཟེར།དེ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་སྲིད་ལོ་བདུན་པ་སྟེ། སྤྱི་ལོ1732ལོར་སྡེ་དགེའི་རྒྱལ་རབས་ཀྱི་རྩ་བའི་གདུང་རབས་ཞེ་བཞི་པ་དང་རྒྱལ་རབས་བཅུ་གཉིས་པ།ཆོས་ཀྱི་ཁྲི་རབས་ཆོས་རྒྱལ་དྲུག་པ་བསྟན་པ་ཚེ་རིང་མཆོག་གིས་བོད་རབ་བྱུང་བཅུ་གཉིས་ས་མོ་བྱ་ཡི་ལོ་སྟེ1729ལོར་གསར་དུ་བཞེངས།སྡེ་དགེ་དང་དཔལ་ཡུལ་སོགས་སུ་ཡི་གེ་རྐོ་བར་མཁོ་བའི་ཁྲུས་ཤིང་སོགས་བསྡུས་པ་དང་།ལས་བཟོ་པ100བསྡུས་ནས་པར་ཤིང་དང་ཤོག་བུ། སྣག་ཚ་སོགས་གྲ་སྒྲིག་གནང་།དེ་ལྟར་གླ་ཕོགས་བྱིན་ཏེ་ཡིག་མཁན་གང་མང་ཞིག་གདན་འདྲེན་ཞུས།ཡིག་མཁན་གཡུ་ཁྲི་དང་རོང་པོ་བ་གཉིས་ཀྱིས་གཏན་འབེབས་མཛད་པའི་བོད་ཡིག་དབུ་ཅན་ཁག40ཚད་ལྡན་གྱི་དཔེ་གཞིར་བཟུང་ནས་ཡིག་མཁན་དག་གསོ་སྐྱོང་གནང་ཞིང་།པར་འདེབས་པ།ཞུ་དག་པ་སོགས་ཀྱི་འགན་བཞེས་སུ་བཅུག་ནས་པར་ཁང་གི་ཐོག་མའི་གཞི་རྒྱ་ལེགས་པར་གྲུབ།བོད་ཀྱི་ཡུལ་ལུང་སོ་སོར་གནས་པའི་པར་ཤིང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཆེས་ཐོག་མར་བཀའ་འགྱུར་པོད103པར་འདེབས་བྱས།སྤྱི་ལོ1738ལོར་བསྟན་པ་ཚེ་རིང་ལ་སྙུང་གཞིས་མནར་ཏེ་སྐུ་གཤེགས།ཁོང་གི་བུ་ཆུང་བ་ཕུན་ཚོགས་བསྟན་པས་རྒྱལ་རབས་བཅུ་བཞི་པའི་སྲིད་སྐྱོང་སྐབས་ཀྱི་སྤྱི་ལོ1744ལོར་པར་ཤིང་ཉར་ཚགས་དང་ཆོས་དཔེ་པར་བརྐོ་བྱ་ཆེད་ཕུན་ཚོགས་བསྟན་པས་ཡང་བསྐྱར་པར་ཁང་ཆོས་མཛོད་ཆེན་མོའི་བྱ་གཞག་སྔར་ལས་རྒྱ་བསྐྱེད་མགོ་བརྩམས།སྔ་རྗེས་སུ་འདག་བཟོ་དང་ཤིང་བཟོ། ཚོན་པ། རི་མོ་བ་བཅས་ལས་བཟོ་པ500ལྷག་བསྡུས།གསར་དུ་བཞེངས་པའི་སྡེ་དགེ་པར་ཁང་གི་རྒྱ་ཕིབས་ལ་རྨ་བྱ་དང་ཆོས་འཁོར་གྱིས་བརྒྱན་ཞིང་སྡེ་དགེ་པར་ཁང་ཆེན་མོ་རྒྱ་བསྐྱེད་བཏང་།དེའི་རྗེས་སུ་ཡང་བསྐྱར་རྒྱ་བསྐྱེད་གང་ལེགས་གནང་མཐར་ད་ལྟའི་བར་དུ་ཧ་ལམ་ལོ་ངོ300ལ་ཉེ་བའི་ལོ་རྒྱུས་ལྡན།

微信图片_20200710095355.jpg

གཉིས། སྡེ་དགེ་པར་ཁང་ཆེན་མོའི་ཐོག་ཁང་སྟེང་དུ་ཡོད་པའི་རྨ་བྱ་ཆོས་འཁོར་གྱི་མཚོན་དོན།

གཙུག་ལག་ཐོག་ཁང་སྟེང་དུ་ཡོད་པའི་དགོན་རྟགས་རྨ་བྱ་ཁ་སྤྲོད་དེ་ནི།ས་སྐྱའི་བླ་ཆེན་རྗེ་བཙུན་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་དགོངས་བཞེད་ལྟར།ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་ལ་བསྐུལ་ཏེ་རབ་བྱུང་ལྔ་པའི་ས་འབྲུག1268ལོར་གངས་ལྗོངས་བོད་ཀྱི་རྡོ་རྗེའི་གདན་དུ་གྲགས་པའི་གདན་ས་ཆེན་པོ་གཙང་གི་ས་སྐྱ་དགོན་ཞེས་སྙན་གྲགས་འཛམ་གླིང་ལ་འབར་ཞིང་།བོད་ཀྱི་ཐུན་མོང་མ་ཡིན་པའི་བློ་རིག་གི་བཟོ་རྩལ་ལས་གྲུབ་པའི་ས་སྐྱའི་གཙུག་ལག་ཁང་ཆེན་པོ་གསར་བཞེངས་མཛད་པའི་སྐབས་ས་སྐྱ་དགོན་པའི་མཚོན་རྟགས་སུ་ཆེད་གཏད་དུ་བཞེངས་པ་ཞིག་རེད།དུས་ད་ལྟའང་གཙང་གི་ས་སྐྱའི་ཆོས་སྡེ་རུ་ངོ་མཚར་སྤྲུལ་པའི་ལྷ་ཁང་ཆེན་མོའི་ཐོག་ཁང་སྟེང་དུ་གསེར་ཟངས་ལས་གྲུབ་པའི་དགོན་རྟགས་རྨ་བྱ་ཁ་སྤྲོད་དེ་ཉིད་མཇལ་རྒྱུ་ཡོད་པ་ཡིན།དེས་ན་འདི་ལ་ད་ལྟའི་བར་དུ་མི་ལོ་བདུན་བརྒྱ་དང་ལྔ་བཅུ་ལ་ཉེ་བའི་ལོ་རྒྱུས་ལྡན།དེ་ཡང་བོད་ཀྱི་རིག་གནས་ཀྱི་བང་མཛོད་དུ་གྲགས་པའི་སྡེ་དགེའི་ཡུལ་ཏེ།སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ་བསྟན་པ་ཚེ་རིང་མཆོག་གིས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ཐོག་ཁང་དུ་རྨ་བྱ་ཆོས་འཁོར་བཙུགས་ཡོད་ཅིང་།སྡེ་དགེ་ཁྲི་རབས་དང་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་རབ་བྱུང་བཅུ་པའི་མེ་འབྲུག་སྤྱི་ལོ1616ལོར་གསར་བཞེངས་གནང་བའི་སྤྲུལ་པའི་ལྷ་ཁང་ཆེན་པོ་བསམ་འགྲུབ་མཐོང་གྲོལ་ཆེན་མོའི་ཐོག་ཁང་དུའང་རྨ་བྱ་ཆོས་འཁོར་བཙུགས་ཡོད།

微信图片_20200710095358.jpg

གོང་གསལ་གྱི་དཔེ་རིས་ལས་མཚོན་པ་ལྟར་དཔེ་རིས་དང་པོ་ལས།རྨ་བྱ་གཉིས་ནི་སྐྱོན་ཡོན་ཏན་དུ་སློང་བ་དང་།བར་ཆད་དངོས་གྲུབ་ཏུ་ལེན་པའི་ཆེ་བའི་ཡོན་ཏན་དང་ལྡན་པའི་གསུང་ངག་ལམ་འབྲས་ཀྱི་གདམས་པ་ཟབ་མོ་མཚོན་པ་སྟེ།རྨ་བྱ་ལ་དུག་གི་གཉེན་པོ་དབང་རིལ་ཡོད་པས་དུག་གི་རིགས་ཅི་ཙམ་བསྟེན་ཀྱང་ལུས་ལ་དུག་གིས་མི་ཚུགས་པར་མ་ཟད།ལུས་ཀྱི་གཙུག་ཕུད་དང་མཇུག་སྒྲོ་སོགས་ལ་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུར་འགྱུར་བ་བཞིན།གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོའི་ཉམས་ལེན་དང་ལྡན་པའི་འདོད་ཡོན་ལམ་ཁྱེར་གྱི་རྣལ་འབྱོར་པ་རྣམས་ལ་སྐྱོན་དང་བར་ཆད་ཅི་འདྲ་ཞིག་བྱུང་ཡང་ལམ་གྱི་གེགས་དང་བར་ཆད་དུ་མི་འགྱུར་བར་མ་ཟད།དེ་ཉིད་ལམ་དུ་འཁྱེར་ཤེས་པས་སྐྱོན་ཡོན་ཏན་དུ་སློང་ཞིང་བར་ཆད་དངོས་གྲུབ་ཏུ་ལེན་པའི་སྒོ་ནས་ལམ་གྱི་གྲོགས་དང་དངོས་གྲུབ་ཀྱི་རྒྱུ་རུ་འགྱུར་བ་བསྟན་པའོ།།དཔེ་རིས་གཉིས་པ་དབུས་ཀྱི་གཉྫི་ར་གཅིག་ཡོད་པ་ནི།མདོ་སྔགས་ཀྱི་ཐེག་པ་སྤྱི་དང་ཁྱད་པར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོའི་མཐར་ཐུག་གི་ཐོབ་བྱ་བྱང་ཆུབ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གཅིག་ཁོ་ན་ཡིན་པར་མཚོན་པའོ།། རྨ་བྱ་ཕོ་མོ་ཁ་སྤྲོད་དུ་གནས་པ་ནི། ཐབས་ཤེས་ཟུང་དུ་འཇུག་པར་མཚོན་ཅིང་། མཆོག་གི་དངོས་གྲུབ་དེ་ཡང་ནི་ཐབས་ཤེས་ཟུང་འཇུག་གི་ལམ་ལ་མ་བརྟེན་པར་མི་ཐོབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པ་དག་གིས་ཐབས་ཤེས་ཟུང་འཇུག་གི་ལམ་ལ་བརྟེན་དགོས་སོ་ཞེས་ཤེས་པའི་ཆེད་དུའོ།། དཔེ་རིས་གསུམ་པ་ལས་ཆོས་འཁོར་གྱི་གྲུབ་ཆ་གསུམ་སྟེ། འཛིན་བྱེད་ཀྱི་ལྟེ་བ་དང་། གཅོད་བྱེད་ཀྱི་རྩིབས།སྡུད་བྱེད་ཀྱི་མུ་ཁྱུད་གསུམ་གྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་གཞན་ཡང་བརྗོད་བྱ་བསླབ་པ་གསུམ་མཚོན།དཔེ་རིས་གསུམ་ལས་འཁོར་ལོའི་ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ཀྱི་ཡང་དག་པའི་ལྟ་བ་དང་།ཡང་དག་པའི་རྟོག་པ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ།ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ།ཡང་དག་པའི་ཏིང་ངེ་འཛིན་བཅས་འཕགས་ལམ་ཡན་ལག་བརྒྱད་མཚོན་པར་ཡང་གསུངས་སོ།།དཔེ་རིས་བཞི་པ་ལས་ཆོས་འཁོར་གྱི་གྲུབ་ཆ་གསུམ་སྟེ། འཛིན་བྱེད་ཀྱི་ལྟེ་བ་དང་།གཅོད་བྱེད་ཀྱི་རྩིབས། སྡུད་བྱེད་ཀྱི་མུ་ཁྱུད་གསུམ་གྱིས་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་གཞན་ཡང་བརྗོད་བྱ་བསླབ་པ་གསུམ་མཚོན་པའོ།།

གསུམ།སྡེ་དགེ་པར་ཁང་ཆེན་མོའི་པར་ཁང་གི་ལས་འགན་ཡུན་ཚད།

སྡེ་དགེ་པར་ཁང་གི་པར་དཔོན་ཐད་ཀར་དུ་ཡུལ་དཔོན་འདེམ་དགོས་པ་ཞིག་ཡིན་ཞིང་།ཡུལ་དཔོན་ནས་དགོན་པའི་ལས་འགན་བཞེས་རྗེས་ད་གཟོད་སྡེ་དགེ་པར་ཁང་གི་པར་དཔོན་གྱི་ལས་འགན་བཞེས་ཆོགའགན་གྱི་ཡུན་ཚད་ལོ་གསུམ་ཡིན།སྡེ་དགེའི་ཤིང་པར་བརྐོ་འདེབས་ཀྱི་ལག་རྩལ་ནི་ཐོག་མར་སྡེ་དགེ་རྒྱལ་རབས་བཅུ་པ་སངས་རྒྱས་བསྟན་པས་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྤྲེལ1704ལོར་ཤེར་ཕྱིན་བརྒྱད་སྟོང་པ་པར་དུ་བརྐོས་པ་དང་།གཞན་ཡང་ས་སྐྱ་ལེགས་བཤད་དང་། ངོར་ཆེན་གྱི་རྣམ་ཐར། ངོར་འཇིགས་ཀྱི་ཁྲིད་ཀྱི་གོ་དོན།རྭ་རྩེ་སེམས་འཛིན་སོགས་པར་དུ་བརྐོས།དེ་ལྟར་སྡེ་དགེ་རྒྱལ་རབས་ནས་བཟུང་ཤིང་པར་རྐོ་བའི་ཐོག་མའི་དབུ་ཚུགས་པ་ཡིན་ཞེས་བརྗོད།གནམ་གཤིས་ཀྱི་རྐྱེན་གྱིས་སྡེ་དགེ་པར་ཁང་གི་ལོ་རེའི་པར་འདེབས་དུས་ཡུན་ལོ་ཕྱེད་ཙམ་ཡིན་པ་དང་།བོད་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་པར་འདེབས་ཀྱི་ལས་མགོ་རྩོམ་ཞིང་།ལོ་རེའི་ཟླ་དགུ་པའི་ཚེས་བཅུ་ཉིན་པར་འདེབས་ལས་མཚམས་འཇོག་པ་ཡིན།

微信图片_20200710095401.jpg

བཞི། སྡེ་དགེ་རུ་ཉར་ཚགས་བྱས་པའི་པར་ཤིང་གི་གནས་ཚུལ།

དེང་གི་དུས་འདིར་སྡེ་དགེ་པར་ཁང་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་པར་འདེབས་ཁོ་ན་ཙམ་ལ་ངོས་འཛིན་བྱེད་བཞིན་ཡོད་མོད།དོན་དངོས་ཐོག་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ནི་སྣ་མང་ཀུན་འདུས་ཀྱི་གཙུག་ལག་ཁང་ཆེན་མོ་ཞིག་ཡིན་པར་མ་ཟད།པར་ཁང་འདིར་རྒྱལ་བའི་བཀའ་བསྟན་དང་གྲུབ་མཐའ་སོ་སོའི་གསུང་འབུམ། སྐར་རྩིས་དང་ས་ཁམས།ལོ་རྒྱུས། ཚད་མ། གསོ་རིག རྩོམ་རིག་སོགས་རྩ་ཆེ་བའི་པར་ཤིང་རྙིང་པ228438དང་།ལྷ་པར་རྙིང་པ376དང་། པར་ཤིང་གསར་པ་ཆིག་འབུམ་ལྷག་ཡོད།དེ་ལས་ལེགས་སྦྱར་དང་བོད་ཡིག་ཤན་སྦྱར་ཅན་གྱི་པར་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ།བོད་ཀྱི་ཐང་ཀའི་ལུགས་ཆེན་བཞིའི་མཁས་དབང་རྣམས་ཀྱིས་བྲིས་པའི་བརྩམས་ཆོས་ལྷ་པར་དང་།ཤེར་ཕྱིན་བརྒྱད་སྟོང་དང་རྙིང་མའི་རྒྱུད་འབུམ་པར་གཞི་སོགས་ནི་སྡེ་དགེ་པར་ཁང་ལས་གཞན་དུ་མེད།གསོ་རིག་རྒྱུད་བཞི།ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་དང་གུང་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་སོགས་ཀྱི་དཔེ་རྒྱུན་དཀོན་པོ་ཁྲི་ཉེར་གཉིས་ལྷག་དངོས་སུ་བཞུགས།དེ་ལྟར་པར་ཁང་དུ་བཞུགས་པའི་པར་གཞི་དང་གསུང་རབ་ཡོངས་རྫོགས་ཀྱི་ཆོས་རྒྱུད།ཆོ་ག་ཕྱག་ལེན་དང་རིག་གཞུང་།གྲུབ་མཐའ་རིས་མེད་ཀྱི་གསུང་འབུམ་དང་ཆོས་ཚན་ཕྱོགས་བསྒྲིགས་གང་ཡིན་རུང་ཁྱད་མེད་དུ་པར་འདེབས་བྱེད་བཞིན་ཡོད།

ལྔ། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་པར་ཁང་གི་པར་འདེབས་ལག་རྩལ་སྲུང་སྐྱོབ་དང་དར་སྤེལ་བྱས་ཚུལ།

བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག1950ལོ་ནས1958ལོའི་བར་པར་ཁང་གི་ལས་ཀར་འགྱུར་ལྡོག་གང་མང་བྱུང་མྱོང་།1959ལོ་ནས་བཟུང་པར་བརྐོ་འདེབས་བྱ་རྒྱུ་མཚམས་བཞག་སྟེ་པར་ཤིང་སྲུང་སྐྱོབ་དང་ཡོད་ཚད་དག་སྒྲིག་བྱས་ཏེ་ཡིག་ཐོག་ཏུ་བཀོད།1959ལོར་སྡེ་དགེ་རྫོང་མཉམ་འབྲེལ་བོད་སྨན་ནད་བཅོས་ཁང་བཙུགས་ནས་པར་ཁང་དུ་ནད་བཅོས་བྱ་སའི་གནས་སྐབས་ཀྱི་སྨན་ཁང་དང་ཞོར་དུ་པར་ཁང་སྲུང་སྐྱོབ་བྱ་རྒྱུ་བྱས།1970ལོར་རིག་གནས་གསར་བརྗེ་སྐབས་སུ་པར་ཁང་ལ་གཏོར་བརླག་ཐེབས་སྐབས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་སྲུང་སྐྱོབ་གང་ནུས་བྱས་པར་བརྟེན་གཏོར་བརླག་ཆེན་པོ་མ་ཐེབས་ཞེས་བཤད།1985ལོ་ནས1991ལོའི་བར་དུ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་པར་རྙིང་རིག་མཛོད་སྲུང་སྐྱོབ་བྱས་པ་དང་།ཉམས་ཆག་སླར་གསོ་དང་། མ་ཉམས་པ་གོང་འཕེལ་དུ་བཏང་། 1998ལོ་ནས་བཟུང་།པར་ཁང་དེ་ཉིད་དུ་བཞུགས་པའི་བཀའ་བསྟན་དང་གསུང་འབུམ་ཕྱོགས་བསྒྲིགས་བཅས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་དཀར་ཆག་ཞིབ་རྒྱས་སུ་བཀོད་པ་ཤེས་བྱ་ཡངས་པོ་འབྱེད་པའི་གསེར་གྱི་ལྡེ་མིག་ཅེས་བྱ་བ་ཞིག་གསར་སྒྲིག་བྱས་ཡོད།དེང་སང་གསུང་འབུམ་དང་ཕྱོགས་བསྒྲིགས་སྐོར་གྱི་དཀར་ཆག་དེབ་བརྒྱད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས་ཡོད།གཞན་ཆོས་ཚན་དཀར་ཆག་བོད་རྒྱ་ཤན་སྦྱར་དང་ལྷ་སྐུ་དཔེ་རིས་གསལ་བཤད་ཅན་བཅས་གསར་དུ་བསྒྲིགས་ཏེ་དཔར་སྐྲུན་བྱས།བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ཆད་ལ་པར་བརྐོའི་པར་འདེབས་ལག་རྩལ་ཇེ་ལེགས་དང་པར་ཤིང་སོགས་ཀྱི་རྣམ་གྲངས་ཇེ་མང་དུ་སོང་།2018ལོར་སྡེ་དགེ་པར་ཁང་གི་པར་རྙིང་གྲས་ལོ་གསུམ་གྱི་རྗེས་ནས་དཔར་མཚམས་འཇོག་དགོས་པའི་དྲིལ་སྒྲོག་དང་ངོ་སྤྲོད་མཛད་སྒོ་སྡེ་དགེ་རུ་སྤེལ།སྡེ་དགེ་པར་ཁང་ནང་ཉར་ཚགས་བྱས་པའི་རྩ་ཆེའི་པར་ཤིང་རྙིང་པ228438དང་།ལྷ་སྐུ་རྙིང་པ376ནི་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན།2019ལོར་ཤུགས་ཆེན་པོས་ཁམས་པའི་རིག་གནས་ཀྱི་གནའ་དཔེ་དང་བོད་པའི་རིག་གནས་ཀྱི་འགྲེམ་སྟོན་ལྟེ་གནས་སོགས་གཅིག་བསྡུས་སྒོས་བོད་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཁག་ཅིག་གསར་དུ་བསྣན་པ་དང་།གཅིག་བསྡུས་སྒོས་བོད་པའི་རིག་གནས་མཐོ་རིམ་གླེང་སྟེགས་སོགས་ཀྱི་མུ་འབྲེལ་བྱ་འགུལ་སྤེལ་ནས་རྒྱུན་ཆད་མེད་པར་ཁམས་པའི་ཕུལ་བྱུང་སྲོལ་རྒྱུན་གོང་དུ་འཕེལ་བར་སྐུལ་འདེད་བྱེད་བཞིན་འདུགམདོར་ན་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་དགོན་ནི་གནའ་བོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་དང་གཙུག་ལག་རིག་གནས་ཀྱི་བང་མཛོད་ཅིག་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1