ཀོང་པོའི་བི་ཤུ་ཡི“མཆོང་བསྐྱོད་ལམ་བུ།”

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-07



     ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། གཞུ་བཟུང་བ་དང་། མདའ་འཛིན་པ། རྒྱུད་འཐེན་པ། མོ་ཁ་ལྟ་བ། མདའ་འཕེན་པ་བཅས་ཀྱི་མཐར……མདའ་དེ་རྒྱུད་ལས་བྲལ་བ་ན། “པིའུ”ཞེས་པའི་སྒྲ་དེ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོའི་གྲོང་མིའི་བྱེད་སྒོ་ཐང་ཆེན་ནས་གྲགས་ཡོང་།
     མདའ་མགོ་བར་ཐག་གོམ་པ་45ཙམ་ཡོད་པའི་སར་གནས་པའི་ཚངས་ཐིག་ལི་སྨི་20ཙམ་ཡོད་པའི་འབེན་ཞིག་ལ་འཕངས་པ་དང་བསྟུན་ནས། ལྟད་མོ་ལྟ་བའི་མི་ཚོགས་ལང་ལོང་དུ་འཕྱུར། གལ་ཏེ་མདའ་འབེན་ལ་ཕོག་ན་བདམས་ཐོན་པས་རུ་མི་རྣམས་དང་ཐལ་མོ་རྡེབ་ནས་དགའ་འབོད་བྱེད་ངེས་རེད་ལ། ལྟད་མོ་བས་ཀྱང་དགའ་འབོད་བྱས་ནས། ཚང་མས་མཉམ་དུ་འབེན་ལ་ཕོག་པར་རྟེན་འབྲེལ་ཞུ་ངེས་རེད།
     མདའ་པ་རྣམས་ཀྱི་བློ་རྩེ་གཅིག་སྒྲིམ་གྱི་རྣམ་འགྱུར་དང་ཡུལ་དངོས་ནས་གྲགས་པའི་འུར་སྒྲ། ལྟད་མོ་བའི་སྐུལ་སྒྲ་དང་དགའ་འབོད་ཀྱི་སྒྲ……འདི་ནི་ཀོང་པོའི་བི་ཤུའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཡིན་ཞིང་། ཀོང་པོའི་བི་ཤུ་ལ་དགའ་མཁན་སྔར་ལས་ཇེ་མང་དུ་ཡོང་བའི་འགྱུར་ལྡོག་ཀྱང་ཡིན།
     ཀོང་པོའི་བི་ཤུ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ལ་དམིགས་གསལ་དུ་ཡོད་པའི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་རྣམ་གྲངས་ཤིག་ཡིན་ལ། ད་བར་ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པས། བོད་ལྗོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བཅུག་ཡོད།
     བི་ཤུ་འཕེན་དུས་ཀྱི་ཤུ་སྒྲ་ནི་ཀོང་པོའི་བི་ཤུ་ལ་དམིགས་བསལ་དུ་ལྡན་པ་ཞིག་ཡིན། ཤིང་གིས་བཟོས་པའི་བི་ཤུ་ཐོག སྙོམས་པའི་སྒོ་ནས་ཁུང་བུ་བཞི་ཁྱབ་ཡོད། ཁུང་བུ་འདི་དག་འཕུར་སྐྱོད་བྱེད་སྐབས་མཁའ་དབུགས་འགོག་ཤུགས་ཀྱི་ཤུགས་རྐྱེན་ཐེབས་ནས་སྒྲ་གྲགས་པ་རེད།

     “ཐོག་མར‘བི་ཤུ’བཟོ་ལུགས་སློབ་སྦྱོང་བྱེད་དུས་ཧ་ཅང་ཁག་པོ་ཡོད་པ་རེད།” 1998ལོ་ནས་བཟུང་བོད་ལྗོངས་ཀྱི“བི་ཤུ”བཟོ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དཔའ་བློ་ཡིས“པི་ཤུའི”བཟོ་རྩལ་བཟོ་བ་དང་། ཞིབ་འཇུག ཁྱབ་གདལ་བཅས་བྱེད་ཀྱི་ཡོད། ཁོང་གིས“བི་ཤུ”ནི་ཧ་ཅང་ཆུང་ཞིང་མདའ་རྩེའི་མཇུག་མཐར་སྙུང་གཟུགས་ཤིག་ལས་མེད་པ་ཞིག་ཡིན་མོད། འོན་ཀྱང་བཟོ་དུས་དོ་སྣང་བྱེད་དགོས་ས་མང་པོ་ཡོད། “ཐབས་རྩལ་མ་ཤེས་ན། མདའ་མགོ་ཡང་དག་མི་སྲིད། ལ་ལའི་ལག་རྩལ་ཚད་མཐུན་མིན་པས། མདའ་མོ་འཕངས་རྗེས་ཡང་ན་མི་གྲགས། ཡང་ན་སྒྲ་རྣ་བར་གཟན་པ་རེད”ཅེས་ངོ་སྤྲོད་བྱས།


     དཔའ་བློ་ཡིས“བི་ཤུའི”འབྱུང་ཁུངས་ནི་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཧྲ་ཡུས་གྲོང་ཚོ་ཡིན་པ་དང་། བོད་རྙིང་པར་ལག་ཤེས་པས་བཟོས་པའི“བི་ཤུ”ནི་མཐོ་རིམ་མི་སྣ་དང་སྐུ་དྲག་ཚོར་ཆེད་མངགས་རྩེ་རྒྱུར་མཁོ་འདོན་བྱས་པ་ཞིག་རེད། “ད་ཆ་དགའ་པོ་ཡོད་པ་དང་རྩེད་འདོད་ཡོད་ན་ཚང་མས་རྩེད་ཆོག”ཅེས་བརྗོད།
     2016ལོར། པད་མ་རྡོ་རྗེ་དང་བསོད་ནམས་ཚེ་རིང་སོགས་ཀྱིས་ཐུན་མོང་གི་དགའ་ཕྱོགས་ཀྱི་དབང་གིས་རང་འགུལ་ངང་བི་ཤུ་རུ་ཁག་ཅིག་སྒྲིག་འཛུགས་བྱས་པ་རེད། བསོད་ནམས་ཚེ་རིང་གིས་ཀུ་རེའི་ཚུལ་དུ་རང་ཉིད་ལ་མདའ་འཕེན་པའི་ལྷན་སྐྱེས་ཀྱི་ཡོན་ཏན་ཡོད་ཟེར། གང་ལགས་ཤེ་ན། “མདའ་གཞུ་ཉོས་རྗེས་འཕེན་པའི་མདའ་གསུམ་པ་འབེན་ཕོག་སོང་བས་སོ༎”
     རུ་དཔོན་ཡིན་པའི་པད་མ་རྡོ་རྗེས། སྣང་རྫོང་བི་ཤུ་རུ་ཁག་གི་རུ་མིར་སྲིད་གཞུང་སྡེ་ཚན་དང་ཁེ་ལས་བྱ་གཞག་ཚན་པར་ལས་ཀ་བྱེད་མཁན་ཡོད་ལ་ཞིང་འབྲོག་མང་ཚོགས་ཀྱང་ཡོད། ཚང་མས་ལས་ཞོར་དུས་ཚོད་སྤྱད་དེ་སྦྱོང་བརྡར་བྱེད་ས་འཚོལ་གྱི་ཡོད་ལ། རུ་སྒྲིག་ནས་བི་ཤུའི་འགྲན་བསྡུར་ནང་ཞུགས་ཏེ་འགྲན་བསྡུར་ལ་བརྟེན་ནས་གྲོགས་པོ་དང་འཛོམས་ཀྱི་ཡང་ཡོད། “འདི་ལྟ་བུའི་བི་ཤུ་རུ་ཁག་ཉིང་ཁྲིར་ཧ་ཅང་མང་པོ་ཡོད”ཅེས་བརྗོད།
     ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ལུས་རྩལ་སྒྱུ་རྩལ་ཚན་པའི་འགོ་འཛིན་ཆི་ལིན་གྱིས་གསར་འགོད་པར་བཤད་དོན། མིག་སྔར་ཉིང་ཁྲི་གྲོང་ཁྱེར་བི་ཤུ་མཐུན་ཚོགས་ཀྱིས་བི་ཤུ་རུ་ཁག་22བསྡུ་ལེན་བྱས་ཡོད། “བི་ཤུ་ཉིང་ཁྲི་གྲོང་ཁྱེར་དུ་ཁྱབ་གདལ་ཆེན་པོ་བྱུང་ཡོད། གལ་ཏེ་བྱེད་སྒོ་སྤེལ་དགོས་ན། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ་རེར་གཞི་རྩའི་ཐོག་བི་ཤུའི་རུ་ཁག་གཉིས་ཡོད་”ཅེས་བརྗོད།
     ཁོང་གིས་བལྟས་ན། བི་ཤུ་དེ་ཉིང་ཁྲི་གྲོང་ཁྱེར་དུ་ཁྱབ་གདལ་དེ་འདྲ་བྱུང་བའི་རྒྱུ་མཚན་ནི། ལོ་རྒྱུས་ཡུན་རིང་ལྡན་པའི་བི་ཤུའི་རིག་གནས་དང་འབྲེལ་བ་ཡོད་ལ་དེང་སྐབས་ཀྱི་འཚོ་བའི་རྣམ་པ་ཡང་མངོན་གྱི་ཡོད།

     རི་དྭགས་རྔོན་པར་བརྟེན་ནས་འཚོ་ཐབས་བྱེད་པའི་གོམས་གཤིས་རྒྱུན་མཐུད་པ་དང་འབྲེལ་རིམ་བཞིན་ཀོང་པོའི་བི་ཤུར་འཕེལ་རྒྱས་བྱུང་། ས་གཞི་འདིའི་སྟེང་གི་མི་རྣམས་ཀྱིས་བི་ཤུ་ལ་དགའ་པོ་ཆེན་པོ་བྱེད་ཀྱི་ཡོད། ཉིང་ཁྲི་གྲོང་ཁྱེར་ནས་འཚར་ལོངས་བྱུང་བའི“ལོ་རབས་70རྗེས་སྐྱེས་པ”ཡིན་པའི་ཆ་ནས། ཆི་ལིན་ཆུང་དུས་ནས་ཁྱིམ་མིའི་རྗེས་སུ་འབྲངས་ནས་མདའ་འཕེན་འགྲན་བསྡུར་ལ་ལྟ་རུ་འགྲོ་བ་མ་ཟད། སྨྱུག་མ་སོགས་ཀྱིས་མདའ་གཞུ་བཟོས་ནས་རྩེ་མྱོང་།


     “དེ་སྔོན་གྱི་མདའ་གཞུ་དང་མདའ་མོ་ཕལ་ཆེ་བ་སྨྱུག་མའམ་ཡང་ན་ཤིང་གིས་བཟོས་པ་ཤ་སྟག་རེད། ཡུལ་ཐོན་མདའ་གཞུ་དང་སྲོལ་རྒྱུན་གྱི་མདའ་མོ་དེ་རིགས་འཕེན་དུས་དབྱིབས་འགྱུར་སླ། ད་ལྟ་ཚང་མས་སྤྱོད་བཞིན་པ་ནི་ཕལ་ཆེར་དེང་རབས་ཀྱི་མདའ་གཞུ་རེད། མདའ་རྩེ་ནི་ས་གནས་དེ་གའི་ལག་རྩལ་པས་བཟོས་པ་ཞིག་རེད།” ཤེས་རྟོགས་བྱུང་བར་གཞིགས་ན། དེང་རབས་ཀྱི་མདའ་གཞུའི་རིན་གོང་སྒོར་ཆིག་སྟོང་ཡན་ཟིན་པ་དང་ཐ་ན་སྒོར་ཁྲི་ཡན་ཟིན་གྱི་ཡོད། ཁོང་གི་དྲན་ཤེས་ཁྲོད་བི་ཤུ་འཕེན་མཁན་རིམ་བཞིན་མང་དུ་སོང་བ་ནི་ཉེ་བའི་ལོ་10ཙམ་གྱི་དོན་དག་ཅིག་རེད། སྐབས་དེ་དུས་ཁྲོམ་རའི་ཐོག་མདའ་གཞུ་དང་མདའ་མོ་འཚོང་བའི་ཚོང་ཁང་ཡང་མང་དུ་ཕྱིན་ཡོད།
     “འདི་ནི་འཁྲབ་སྟོན་རང་བཞིན་དང་ལྟད་མོ་རང་བཞིན་ཧ་ཅང་ལེགས་པའི་རྣམ་གྲངས་ཤིག་ཡིན། བོད་རང་སྐྱོང་ལྗོངས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་རྣམ་གྲངས་ནང་བཅུག་ཟིན་པ་རེད། མིག་སྔར་མི་དེ་བས་མང་བ་བི་ཤུ་འཕེན་རྒྱུར་དགའ་པོ་ཡོད་པ་དང་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དེའང་དེ་སྔའི་ཉུང་ཚོགས་ཀྱི་རྣམ་གྲངས་ནས་མང་ཚོགས་ཀྱི་རྣམ་གྲངས་སུ་གྱུར་ཡོད།” བི་ཤུ་འཕེན་པའི་མི་ཧ་ཅང་མང་བས། ཚང་མའི་མདའ་གཞུ་ཡང་རྒྱུན་དུ་བརྗེ་བཞིན་ཡོད། ཁོང་གིས་མདའ་གཞུ་ལག་བརྒྱུད་ཚོང་ར་དགོས་པའི་གྲོས་གཞི་བཏོན། “འདི་ལྟར་རྩེད་མཁན་རྒན་གྲས་དང་། ཤིན་ཏུ་་དགའ་པོ་བྱེད་མཁན་གྱིས་བརྗེས་པའི་མདའ་གཞུ་རྙིང་མ་ཡང་བསྐྱར་བེད་སྤྱོད་བྱས་ཆོག” (http://tibet.people.com.cn/15831734.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1