ལྷག་བསམ་རྣམ་དག་གིས་འབྲོག་པའི་གཞིས་ཆགས་སུ་མཇུག་མཐའི་ལས་ཀ་ཡག་པོ་སྒྲུབ་མཁན་གྱི་ཧྲུའུ་ཅི་དང་པོ་བསྟན་འཛིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-07


ལྷག་བསམ་རྣམ་དག་གིས་འབྲོག་པའི་གཞིས་ཆགས་སུ་མཇུག་མཐའི་ལས་ཀ་ཡག་པོ་སྒྲུབ་མཁན་གྱི་ཧྲུའུ་ཅི་དང་པོ་བསྟན་འཛིན།

བསྟན་འཛིན་གྱིས་དུད་ཚང་དབུལ་ཕོངས་ལ་འཚམས་འདྲི་བྱེད་བཞིན་པ།

ལྷག་བསམ་རྣམ་དག་གིས་འབྲོག་པའི་གཞིས་ཆགས་སུ་མཇུག་མཐའི་ལས་ཀ་ཡག་པོ་སྒྲུབ་མཁན་གྱི་ཧྲུའུ་ཅི་དང་པོ་བསྟན་འཛིན།
བསྟན་འཛིན་གྱིས་ཏོག་གསར་གློ་རིམས་སྐབས་སུ་མང་ཚོགས་ཀྱི་ལུས་དྲོད་འཇལ་བཞིན་པ།


མང་ཚོགས་ཀྱི་སེམས་སུ་ཁོ་ནི་མཛའ་བརྩེ་ལྡན་པའི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་སྣེ་ཁྲིད་མཁན་བཟང་པོ་དང་། བཟའ་ཟླའི་ཆ་ནས་བཤད་ན་ཁོ་ནི་རང་ཉིད་ལ་མངལ་ཆགས་ཏེ་ལྟ་རྟོག་བྱ་དགོས་ཀྱང་མྱུར་དུ་ལས་དོན་སྒྲུབ་ཡུལ་དུ་ཕྱིན་འགྲོ་བའི་མིང་དོན་མི་མཚུངས་པའི་ཁྱོ་ག་ཞིག་ཡིན། ཕྲུ་གུའི་ངོས་ནས་བཤད་ན་ཁོ་ནི་ནམ་རྒྱུན་རང་ལ་ཁ་པར་བརྒྱབ་ཀྱང་སྐབས་འགའ་མ་གཏོགས་ཁྱིམ་དུ་ཕྱིར་ལོག་མི་ཡོང་བའི་མི་རྒྱུས་མེད་ཅིག་དང་ཀུན་ནས་མཚུངས་པའི་མི་དེ་ནི་དཔལ་ཡུལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་བྱེད་པ། མཉམ་སྐྱིད་ཡུལ་ཤོག་རྟ་ཁོག་གྲོང་སྡེའི་ཧྲུའུ་ཅི་དང་པོ་བསྟན་འཛིན་ཡིན་པ་རེད།

ང་ཚོའི་འཚོ་བའི་ཆ་རྐྱེན་ནི་འདི་ཕྱོགས་ཀྱི་མང་ཚོགས་ལས་དགའ་ཆེ་འདུག ངེད་ཚོའི་ཁྱིམ་ཚང་གི་དཀའ་ངལ་ནི་འདི་ན་དང་བསྡུར་ན་བརྗོད་ཐབས་བྲལ་བ་རེད། ང་རང་འདིར་བསྡད་དེ་གནས་སྐབས་འགྲོ་རྒྱུ་མིན་ཞེས་པ་ནི་བསྟན་འཛིན་གྱིས་ཁ་པར་ཐོག་ནས་ཁྱིམ་མི་ལ་བཤད་པའི་སྐད་ཆ་དུམ་བུ་ཞིག་ཡིན་ལ། འགྱུར་མེད་ཀྱི་ཐག་གཅོད་ནི་དེ་བས་ཀྱང་ཡིན་པ་རེད།

2015ལོའི་དཔྱིད་མགོར་དཔལ་ཡུལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་བསྟན་འཛིན་མཉམ་སྐྱིད་ཡུལ་ཤོག་རྟ་ཁོག་གྲོང་སྡེར་མངགས་ནས་ཧྲུའུ་ཅི་དང་པོའི་འགན་ཁུར་དུ་བཅུག་པ་རེད། སྐབས་དེར་མངལ་ཆགས་ནས་ཟླ་བ5ཡིན་པའི་བཟའ་ཟླར་ཕྱོགས་བསྡུས་ཀྱི་ནད་སྣ་མང་པོ་ཕོག་ནས་ལྟ་སྐྱོང་བྱ་དགོས་པས་བསྟན་འཛིན་ལ་སེམས་ཁྲལ་ཆེན་པོ་ཡོད་མོད། ཡིན་ནའང་ཁོ་རང་མཐར་རྫོང་མཁར་དང་སྤྱི་ལེ163རྒྱང་བའི་མཉམ་སྐྱིད་ཡུལ་ཤོག་ཏུ་ལས་དོན་སྒྲུབ་སར་འགྲོ་ཐག་བཅད། ཁོས་བསམ་བློ་ཡང་ཡང་བཏང་རྗེས་ཐོག་མར་རྟ་ཁོག་གྲོང་སྡེར་ཕྱིན་ནས་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་རྗེས་དེ་ནས་བཟའ་ཟླ་ལ་དགོངས་དག་ཞུ་དགོས་བསམ་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ནི་ཁོ་རང་མཉན་སྐྱིད་ཡུལ་ཤོག་གི་འབྲོག་ཁུལ་དུ་སླེབས་རྗེས་ཡུལ་དེར་རྩ་བ་ཟུག་པ་རེད།

ཁོ་རང་མཚོ་འཕགས་སྨི4300ལྷག་ཡོད་པའི་འབྲོག་སྡེ་དེར་སླེབས་སྐབས། ཁ་བའི་བང་རིམ་གྱིས་གཡོག་ནས་གྲོང་སྡེ་ཡིད་སྐྱོ་འོས་པ་ཞིག་མིག་ལམ་དུ་མངོན་པ་རེད། གྲོང་སྡེ་ཡོངས་ལ་ཆུ་དང་གློག གཞུང་ལམ་སོགས་མེད་པ་དང་། འབྲོག་མི་ཚོ་རྩྭ་ཆུ་བསྙེགས་ནས་རུ་སྤོ་ཕྱུགས་འཚོའི་འཚོ་བ་རོལ་དགོས་ཀྱི་ཡོད། འཚོ་བ་དབུལ་པོ་དང་། ངོས་འཛིན་རྗེས་ལུས། ཐོན་ལས་ཞན་པའི་ཐོག་རྫོང་མཁར་དང་སྤྱི་ལེ200ཙམ་རྒྱང་བར་བརྟེན། རྟ་ཁོག་གྲོང་སྡེ་འདིའི་འཕེལ་རྒྱས་ཀྱི་མྱུར་ཚད་ནི་རྫོང་མཁར་དང་བསྡུར་ན་ཧེ་བག་ལོ་བཅུ་ཕྲག་ཁ་ཤས་ཡོད་པ་རེད།

གཞི་རིམ་གྱི་འབྲོག་ཁུལ་དུ་ཐེངས་དང་པོར་སླེབས་སྐབས། ལོ་ཧྲིལ་པོར་གཞུང་ལས་ཁང་དུ་ལས་དོན་སྒྲུབ་བཞིན་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་བྱེད་པ་འདིས་ཐོག་མར་གྲོང་སྡེའི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་རྒྱུས་ལོན་བྱས་ཏེ་བློ་གཅིག་སེམས་གཅིག་གིས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྒྲུབ་མགོ་བརྩམས། ཁོས་ནམ་ཡང་རུམ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པའི་ཟིན་ཐོ་ཞིག་ཁྱེར་ཏེ་མི་དམངས་ཀྱི་དོན་དུ་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད། ཟླ་ཕྱེད་ཙམ་ལས་མ་འགོར་ནས་རྙིང་ཧྲུལ་དུ་གྱུར་པའི་ཟིན་ཐོའི་ནང་ཁོས་བརྟག་དཔྱད་ཞིབ་འཇུག་བྱས་པའི་གནས་ཚུལ་གང་མང་བཀོད་ཐུབ་པར་མ་ཟད། ད་དུང་གྲོང་སྡེ་དབུལ་ཕོངས་སུའི་ཁྱིམ་དུ་གློག་བརྙན་མེད་པ་དང་། སུས་སྨན་བཅོས་ཉེན་འགོག་འགན་ལེན་གྱི་འགྲོ་སོང་རྩིས་ཞུ་བྱས་མེད་པ། སུས་མནའ་མ་ལེན་བཞིན་པ། སུས་ཕྲུ་གུ་བཙའ་བཞིན་པ་སོགས་གང་ཅིའི་ཐད་དོ་ཁུར་བྱས་པའི་གནས་ཚུལ་ཤ་སྟག་ཡིན་པ་རེད།

བསྟན་འཛིན་གྱིས་ཐོག་མ་ང་རང་འདིར་སླེབས་སྐབས་གྲོང་སྡེ་འདི་ལ་ཆ་རྒྱུས་ཅི་ཡང་མི་འདུག དེར་བརྟེན་ཐོག་མར་གྲོང་སྡེ་དང་དུད་ཚང་གི་གནས་ཚུལ་རྒྱུས་ལོན་བྱེད་སར་འགྲོ་བའི་སྐབས་སུ། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་གི་ཁྱིམ་མིའི་ཆགས་ཚུལ་དང་ཡོང་འབབ་སྐོར་རྒྱུས་ལོན་བྱས་པ་དང་། དེ་ནས་ཡིག་ཚགས་བྱང་བུ་བཟོས་མེད་པའི་དུད་ཚང་དབུལ་ཕོངས་དང་ཐ་ན་གྲོང་སྡེ་ཡོངས་ཀྱི་མི་སེར་ཚང་མའི་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན་ཞེས་བཤད་པ་རེད།

བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་བསྟན་འཛིན་གྱིས་རྟ་ཁོག་གྲོང་སྡེའི་རྣམ་པ་འཕོ་འགྱུར་གཏང་དགོས་ན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནང་མཁོ་སྒུལ་ཤུགས་ཇེ་དྲག་གཏོང་བ། ཐོན་ལས་ཀྱི་ཆགས་ཚུལ་ལེགས་སྒྲིག་བྱེད་པ་སོགས་ཕྱོགས་མང་པོའི་ཆ་ནས་དམ་འཛིན་བྱ་དགོས་པ་དང་། གྲོང་མིའི་འདུ་ཤེས་འཕོ་འགྱུར་གཏོང་བ་དང་ནང་མཁོ་སྒུལ་ཤུགས་ཇེ་དྲག་གཏང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་བསྒྲུབ་དགོས་པའི་བྱ་བ་ཞིག་རེད། བསྟན་འཛིན་གྱིས་གྲོང་སྡེའི་དུད་ཚང་དབུལ་པོ་དག་རང་གི་གཉེན་ཉེ་ལྟར་བརྩི་བ་དང་། འབྲོག་སྐད་ཡག་པོ་སྦྱོང་བ། དབུལ་སྐྱོར་གྱི་ཆེད་དོན་ལས་སྒོའི་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཡུན་ཐུང་ཐུང་ནང་ཚད་དང་མཐུན་པའི་སྲིད་ཇུས་ཀྱི་རིག་གཞུང་སྒྲོག་འགྲེལ་པ་དང་། རྩ་འཛུགས་འཛུགས་སྐྱོང་གི་སྣེ་ཁྲིད་པ། མང་ཚོགས་དང་འབྲེལ་བ་དམ་པོ་བྱེད་པའི་ཞབས་ཞུ་པ། སྤྱི་ཚོགས་བདག་སྐྱོང་བྱེད་པའི་སྐུལ་འདེད་པ་སོགས་སུ་གྱུར་པ་རེད། ཁོས་གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་རུ་ཁག་བསྡུ་རུབ་བྱས་ནས་ཐོན་ཁུངས་འགལ་ཟླ་སྐོར་གྱི་རྩོད་གླེང་མངོན་གསལ་ཡིན་པའི་ས་ཁུལ་དང་། རི་མཐོ་གྲོང་སྡེའི་དབྱར་རྩྭ་དགུན་འབུ་བརྐོ་ཡུལ། རྒྱང་རིང་ལུང་ཁུག་ཏུ་གནས་པའི་འབྲོག་ཁུལ་སོགས་ལ་ཕྱིན་ནས་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་། དབུལ་ཐར་འགག་སྒྲོལ་གྱི་འཇོན་ནུས་ལག་རྩལ། མཐོ་སྒང་གི་གསོ་སྤེལ་ལག་རྩལ་སོགས་སྒྲོག་འགྲེལ་བྱས་པ་དང་། ཁོ་ཚོར་རང་སྟོབས་རང་སྤེལ་བྱ་རྒྱུ་ལ་སྐུལ་སློང་དང་ཁོ་ཚོའི་གོམས་གཤིས་ངན་པ་འདོར་རྒྱུ་སོགས་ཀྱི་ཐད་ཁྲིད་སྟོན་བྱས་པ་རེད། ལོ་བཞིའི་རིང་མང་ཚོགས་ཀྱི་རྒྱལ་གཅེས་དང་ཁྲིམས་སྲུང་། དྲིན་གཟོ། མཐུན་སྒྲིལ་སོགས་ཀྱི་འདུ་ཤེས་རིམ་བཞིན་ཇེ་དྲག་ཏུ་ཕྱིན་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་ཆ་གཙོ་བོའི་ནུས་པ་རིམ་བཞིན་འདོན་སྤེལ་བྱས་མཐར། སྒུག་བརྟེན་སློང་གསུམ་གྱི་བསམ་ཚུལ་རིམ་བཞིན་ཐག་གཅོད་བྱེད་ཐུབ་པ་རེད།

འབྲོག་པ་མང་ཚོགས་ཀྱི་རྩྭ་ཆུ་བསྙེགས་ནས་རུ་སྤོའི་འཚོ་བ་འཕོ་འགྱུར་གཏོང་བ་དང་། དཀའ་ཚེགས་ཀྱི་ཆ་རྐྱེན་དང་ཁོར་ཡུག་ངན་པ། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ། སྤྱི་པའི་ཞབས་ཞུས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། བསྟན་འཛིན་གྲོང་སྡེ་དང་ཁྱིམ་ཚང་དུ་ཕྱིན་ནས་གཞི་རིམ་གྱི་གནས་ཚུལ་རྟོག་ཞིབ་བྱས་པ་དང་། གྲོང་སྡེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་གཏན་འབེབས་བྱས། 2018ལོར་བསྟན་འཛིན་གྱིས་མཐུན་སྦྱོར་དང་བརྩོན་ལེན་ཧུར་ཐག་བྱས་པར་བརྒྱུད། དཔལ་ཡུལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་གཅིག་གྱུར་གྱི་འཆར་འགོད་དང་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱེད་སྟངས་བརྒྱུད་ནས།མ་དངུལ་སྒོར་ཁྲི900བཏང་ནས་རྟ་ཁོག་གྲོང་སྡེའི་འབྲོག་པའི་ཁྱིམ་གཞིས་སྤོ་བའི་ཨར་ལས་ལག་བསྟར་བྱས་ཏེ་གྲོང་སྡེ་ཡོངས་ཀྱི་གྲོང་མིའི་དུད་ཚང66ཡུལ་ཤོག་སྲིད་གཞུང་གི་གནས་ཡུལ་དུ་ཁྱིམ་གཞིས་ཆགས་སུ་བཅུག་ནས། འབྲོག་མིའི་རྩྭ་ཆུ་བསྙེགས་ནས་རུ་སྤོའི་འཚོ་བ་དེ་མཐར་ཕྱིན་པ་འཕོ་འགྱུར་བཏང་ཐུབ་པ་རེད།

ལོ4ཡི་རིང་ལ་དུད་ཚང124ཡི་མང་ཚོགས་མི་གྲངས716ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པ་བྱུང་། ལོ་བཞིའི་རིང་ཁོས་ཕྲུ་གུ་འཚར་ལོངས་དང་། སློབ་གྲྭར་ཞུགས་པ། ནད་ཕོག་ནས་སྨན་ཁང་དུ་སྡོད་པ་སོགས་གང་ཅིའི་ཐད་ལའང་ལྟ་སྐྱོང་བྱ་མ་མྱོང་བས་འགྱོད་སེམས་ཆེན་པོ་སྐྱེས་པ་རེད། ཡིན་ནའང་ཁོས་རྟ་ཁོག་གྲོང་སྡེའི་ཁྱིམ་གཞིས་ཆེན་པོའི་ལས་དོན་ལེགས་པོ་གྲུབ་ནས་རང་ཁྱིམ་ལ་ལྟ་སྐྱོང་བྱེད་ཁོམ་མེད་ནའང་སེམས་པ་ཅུང་སྐྱིད་པ་རེད། ལོ་བཞིའི་རིང་གི་དཀའ་སྤྱད་འབད་འཐབ་དང་ཐབས་འདོན་ཇུས་འདོན་བྱས་པར་བརྟེན། མཐར་རྟ་ཁོག་གྲོང་སྡེའི་དབུལ་ཕོངས་ཀྱི་དཀའ་གནད་བསྒྲལ་ནས་མང་ཚོགས་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་ཁྲིད་ཐུབ་པ་རེད། བསྟན་འཛིན་གྱིས་ཁོས་གྲོང་སྡེའི་ད་ཡོད་ཀྱི་རྣམ་པ་འདིར་བལྟས་ནས་ཧ་ལས་པའི་ངང་ང་རང་ཡུལ་འདིའི་ཧྲུའུ་ཅི་དང་པོའི་འགན་ཁུར་ནས་ལོ་ངོ་བཞི་ཡིན། རྟ་ཁོག་གྲོང་སྡེ་ནི་ང་རང་གི་ཕ་ཡུལ་གཉིས་པ་ཡིན་ལ་ཐོག་མའི་བསམ་འདུན་ཡང་ཡིན། མ་འོངས་པར་ང་རང་ལས་གནས་གང་དུ་ཡོད་ཀྱང་ང་རང་གིས་ཐོག་མའི་བསམ་འདུན་འདི་བཅངས་ནས་ལས་ཀ་ཧུར་ཐག་བསྒྲུབ་རྒྱུ་ཡིན། ཚང་མས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ན་རང་རེའི་ཕ་ཡུལ་དཔལ་ཡུལ་འདི་ཇེ་སྐྱིད་ཇེ་དགའ་ཡོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

བསྟན་འཛིན་གྱིས་ལོ་བཞིའི་རིང་ཉིན་གཅིག་ལྟར་འབྲོག་དམངས་ཀྱི་དོན་དུ་དཀའ་སྤྱད་འབད་འཐབ་བྱས་པ་དང་། ནུས་ཤུགས་གང་ཡོད་ཀྱིས་འབྲོག་པར་མང་ཚོགས་ཀྱི་མཇུག་མཐའི་ལས་ཀ་བསྒྲུབས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1