རང་ཁྱིམ་དུ་རྒན་གསོའི་ཞབས་འདེགས་ལོངས་སྤྱོད་ཐུབ་ནས་ཚེ་མཇུག་བདེ་ལ་རོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 12-08



 —— ཀླུ་སྒུག་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་ས་ཚིགས་ཀྱིས་རྒན་རྒོན་ལ་བརྩེ་བ་ཟབ་མོའི་ཞབས་འདེགས་ཞུས་པའི་དངོས་བྲིས།

          སྡེ་ཁུལ་གྱི་དང་བླངས་པས་རྒན་མོ་བསོད་ནམས་ཆོས་སྒྲོལ་ལ་དཀར་ཡོལ་འཁྲུད་རོགས་བྱེད་བཞིན་པ།

          སྡེ་ཁུལ་གྱི་དང་བླངས་པས་རྒན་མོ་མཚམས་ལགས་ལ་ལྟ་རྟོག་བྱེད་བཞིན་པ།
          མིག་སྔར། ལྷ་སར་དགུན་གྱི་གྲང་ངར་ཅུང་ཆེ་ཡང་། ཀླུ་སྒུག་སྡེ་ཁུལ་གྱི་ནོར་འཛིན་རྒྱལ་མཚན་སྒོ་ར་ཆེན་པོར་མི་སེམས་དྲོ་བའི་རྣམ་པས་ཁེངས་ལ། གསར་འགོད་པ་ནོར་འཛིན་རྒྱལ་མཚན་སྒོ་ར་ཆེན་པོར་སླེབས་སྐབས། ལོ་75ལ་སླེབས་པའི་རྒན་མོ་མཚམས་ལགས་ཀྱིས་ཇ་སྲུབས་མ་འཐུང་ཞོར་ཉི་མ་སྲོ་བཞིན་ཁྱིམ་མཚེས་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱིན་འདུག སྡེ་ཁུལ་གྱི་དང་བླངས་པ་འཁྲིས་སུ་འོང་བ་མཐོང་འཕྲལ་ཁོང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་ལྷུག་པོར་གྲོལ།
         “ཨ་མ་ལགས། ཞོགས་པ་བདེ་ལེགས། ང་ཚོ་གོས་འཁྲུད་པ་དང་གད་ཕྱིས་རྒྱག་པར་འོང་བ་ཡིན”ཞེས་ཐོས་མ་ཐག རྒན་མོ་མཚམས་ལགས་འཕྲལ་མར་ཡར་ལངས་པ་དང་། དང་བླངས་པས་ཁོང་བསྐྱོར་ནས་རང་ཁྱིམ་དུ་བསྐྱོད། ལམ་བར་དུ་དང་བླངས་པ་ཚོས་སེམས་རྩ་འཁོལ་པོས་ཁོང་གི་གཟུགས་པོའི་གནས་ཚུལ་དྲིས།
          བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་ནི་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་རྙིང་པར་བཙུགས་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་དང་པོ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་ཀྱི་ཚོད་ལྟའི་སྡེ་ཁུལ་ཡང་རེད། ཀླུ་སྒུག་སྡེ་ཁུལ་ཁོངས་གཏོགས་སུ་ལོ་70ཡན་གྱི་རྒན་རྒོན་120ལྷག་ཙམ་ཡོད། དུས་ཡུན་རིང་པོར། སྡེ་ཁུལ་གྲོང་ལྷན་གྱིས་རྒན་རྒོན་ལ་ཞབས་འདེགས་ཀྱི་ལས་དོན་་ཡག་པོར་སྒྲུབ་པ་དང་རྒན་རྒོན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བ་སྤྱི་ཚོགས་བརྟན་ལྷིང་དང་ཁྱིམ་ཚང་ཞི་མཐུན་གྱི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་པ་མ་ཟད། ཆེད་དོན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་ཁོངས་གཏོགས་ཀྱི་དཀའ་ངལ་ཡོད་པའི་རྒན་རྒོན་ལ“གཅིག་རོགས་གཅིག”གི་རོགས་སྐྱོར་དཀའ་སེལ་བྱེད་སྒོ་སྤེལ་བས། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སེམས་ཁྲལ་ཆུང་ལ། རྒན་རྒོན་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཀྱང་ཚོར་ཐུབ་ཡོད།
          མཚམས་ལགས་དང་ཁོང་གི་བཟའ་ཟླ་ནི་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་དུད་ཚང་རེད། མཚམས་ལགས་ཀྱི་བཟའ་ཟླ་ཐང་ལགས་ཀྱང་མི་ལ་གུས་ཞབས་ཆེ་ཞིང་སེམས་རྩ་འཁོལ་བའི་མི་ཞིག་ཡིན་ཞིང་། ཉེ་འཁོར་གྱི་གྲོང་མིར་དགོས་མཁོ་ཡོད་ན་ཁོང་གིས་ནུས་པས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་པས་གྲོང་པ་ཁྱིམ་མཚེས་ཚང་མས་ཁོང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཐང་ལགས་གྲོངས་པའི་རྗེས་སུ་སྡེ་ཁུལ་གྲོང་ལྷན་གྱིས་རྒན་མོ་མཚམས་ལགས་ལ་མི་རྒྱུས་མེད་ཀྱིས་ལྟ་རྟོག་བྱས་ན་དེ་ཙམ་མི་གོམས་པར་བསམས་ནས། སྒོ་ར་དེར་རྒྱུས་མངའ་ཆེ་བའི་དང་བླངས་པ་བསོད་ནམས་ཆོས་འཛོམས་ཀྱིས་རྒན་མོར་ལྟ་རྟོག་བྱེད་དུ་བཅུག་པ་མ་ཟད། རྒན་མོས་གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་དངུལ་ཀྱང་འདུན་ཞུ་བྱས་པས། རྒན་མོར་ཉིན་མོའི་ལྟ་རྟོག་དང་། སེམས་གསོ། ཟ་མ་བཟོ་བ། འཕྲོད་སྦྱོར་ལུས་གསོ་སོགས་རྒན་རྒོན་ལ་རོགས་སྐྱོར་གྱི་ཞབས་ཞུའི་རྣམ་གྲངས་མང་པོ་མཁོ་འདོན་བྱས་ཞིང་། ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་གྲོང་ལྷན་གྱིས་ད་དུང་རྒན་མོའི་ཁྱིམ་ལ་འཚམས་འདྲི་བྱེད་པར་སྐྱོད་ཀྱི་ཡོད།
          ཀླུ་སྒུག་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་བྱམས་པ་བཀྲ་ཤིས་ཀྱིས། ཀླུ་སྒུག་སྡེ་ཁུལ་དུ་ཁྱིམ་སྡོད་རྒན་གསོའི་ཞབས་འདེགས་ཞུ་བ་ནི་སྲོལ་རྒྱུན་གྱི་ཁྱིམ་ཚང་གི་རྒན་གསོའི་བྱེད་སྟངས་ཀྱི་ཁ་གསབ་དང་གསར་འབྱེད་ཅིག་རེད། སྡེ་ཁུལ་གྱིས“ཐག་ཉེ་སའི”ལེགས་ཆ་གང་ལེགས་སྤྱད་པ་དང“རྒན་རྒོན་ལ་སྤྲོ་སྣང་སྦྱིན་པ”བརྗོད་དོན་གཙོ་བོར་བྱས་ནས་ཁོངས་གཏོགས་ཀྱི་རྒན་རྒོན་གྱི་ཚེ་མཇུག་འཚོ་བ་སྔར་བས་སྣ་མང་ཕུན་སུམ་ཚོགས་པ་དང་ལྟ་སྐྱོང་ཞོར་ལ་སྤྲོ་སྣང་ལྡན་པར་བྱས་ཡོད། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་ཀྱིས་ཉིན་མོའི་ལྟ་རྟོག་དང་། སེམས་གསོ། ཟ་མ་བཟོ་བ། འཕྲོད་སྦྱོར་ལུས་གསོ། རིག་གནས་རོལ་རྩེད་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་མང་པོ་གཉེར་ནས། སྡེ་ཁུལ་གྱི་རྒན་རྒོན་ཚོས་རང་ཁྱིམ་ནས་རྒན་གསོ་དང་རོགས་རམ་གྱི་ཞབས་འདེགས་ལོངས་སྤྱོད་ཐུབ་ཞིང་། སྡེ་ཁུལ་གྱིས་དོན་དངོས་ལ་གཞིགས་ནས་རྒན་རྒོན་ལས་དོན་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ཏེ་རྒན་རྒོན་གྱི་ལས་དོན《གྲོང་མིའི་སྤྱི་ཆིངས》དང་། 《གྲོང་མིའི་རང་སྐྱོང་སྒྲིག་ཡིག》ནང་བཅུག་ཅིང་། དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་ཁོངས་གཏོགས་ཀྱི་དཀའ་ངལ་ཡོད་པའི་རྒན་རྒོན་ལ“གཅིག་རོགས་གཅིག”གི་རོགས་སྐྱོར་དཀའ་སེལ་གྱི་བྱེད་སྒོ་སྤེལ་བས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སེམས་ཁྲལ་ཆུང་དུ་ཕྱིན་ཡོད། ཁོ་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ལ་རྒན་བཀུར་རྒན་སྐྱོར་གྱི་སྤྱི་ཚོགས་སྲོལ་བཟང་ཞིག་ཀྱང་ཆགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་། ཁྱིམ་ཚང་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
          “ཀླུ་སྒུག་སྡེ་ཁུལ་ནི་ངའི་ཁྱིམ་ཚང་གཉིས་པ་ཡིན། སྡེ་ཁུལ་གྱི་ལས་དོན་པ་དང་སྡེ་ཁུལ་གྱི་གྲོང་མི་ཚོ་ནི་ངའི་གཉེན་ཉེ་ལྟ་བུ་ཡིན་པས་ཁོ་ཚོ་དང་ཁ་འབྲལ་ཐབས་མེད”ཅེས་ལོ་74ལ་སླེབས་པའི་མི་ཧྲེང་རྒན་འཁོགས་བསོད་ནམས་ཆོས་སྒྲོལ་གྱིས་བཤད།
            རྒན་མོ་བསོད་ནམས་ཆོས་སྒྲོལ་གྱི་ཕ་ཡུལ་མལ་གྲོ་གུང་དཀར་ནས་ཡིན་པ་དང་། ལོ་བཅུ་ཕྲག་འགའི་གོང་ཁོང་ཀླུ་སྒུག་སྡེ་ཁུལ་གྱི་བཟའ་ཟླའི་ཁྱིམ་དུ་མནའ་མར་སླེབས་པ་དང་རྗེས་སུ་ཕན་ཚུན་དབར་བརྩེ་བ་མེད་པར་གྱུར་ནས་བཟའ་ཟླ་དང་ཁག་ཁག་བྱས་པ་རེད། དེའི་རྗེས་སུ་དཔལ་འབྱོར་གྱི་ཡོང་འབབ་མེད་པས་བསོད་ནམས་ཆོས་སྒྲོལ་གྱི་འཚོ་བར་དཀའ་ངལ་ཆེན་པོ་ཕྲད་པ་རེད། སྡེ་ཁུལ་གྲོང་ལྷན་གྱིས་གནས་ཚུལ་དེ་ཤེས་རྗེས་ཁོང་ལ་གད་ཕྱིས་རྒྱག་པའི་ལས་ཀ་དང་སྒོ་རའི་གཙང་སྦྲ་དང་། རྒྱལ་སྒོ་རྒྱག་པ་དང་ཕྱེ་བའི་ལས་ཀ་སྤྲད་ཡོད། གཟུགས་པོ་ཐང་པོ་མེད་པའི་རྐྱེན་གྱིས་སྡེ་ཁུལ་གྲོང་ལྷན་གྱིས་ད་དུང་ཁོང་ལ་གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་གྱི་དངུལ་འདུན་ཞུ་བྱེད་རོགས་བྱས་པ་མ་ཟད། “གཉིས་ལྡན་དུད་སྦྲེལ”སྤྱི་མིར་ཡང་བསྐོས་ཏེ་ཟླ་བ་རེར་ཁ་གསབ་དངུལ་སྒོར་500ཡོད་པ་རེད།
          “སྐབས་ཤིག་རིང་། ངའི་མིག་གཡས་པས་གསལ་པོ་མ་མཐོང་བས། སྡེ་ཁུལ་གྱི་དང་བླངས་པས་ང་རང་སྨན་རྩིས་ཁང་དུ་བརྟག་དཔྱད་བྱེད་པར་ཁྲིད་བྱུང་། གཤགས་བཅོས་བྱེད་སྐབས་ཀྱང་ཁོ་ཚོས་འཁྲིས་སུ་བསྡད་ནས་ལྟ་རྟོག་གང་ལེགས་བྱས་བྱུང་། གལ་སྲིད་སྡེ་ཁུལ་དང་དང་བླངས་པའི་རོགས་རམ་མེད་ཚེ་རང་ཉིད་ཀྱིས་ཇི་ལྟར་བྱེད་དགོས་པའང་མི་ཤེས། གཟིགས་དང་། ད་ལྟ་བརྒྱབ་པའི་རྒན་མིག་མིག་ཤེལ་འདི་ནི་སྡེ་ཁུལ་གྱིས་ང་ལ་ཉོས་བྱུང་། ད་ལྟ་མིག་དེ་ཙམ་ཡག་པོ་མེད་པ་ཕུད་གཟུགས་པོ་སྤྱིར་ན་ཐང་པོ་ཡིན། སྡེ་ཁུལ་གྱི་དང་བླངས་པས་ངར་ཡང་ཡང་ལྟ་བར་ཡོང་ནས་ཕོར་པ་དང་གོས་འཁྲུད་རོགས་བྱེད་ཀྱི་ཡོད། ཁོ་ཚོས་ང་ལ་རོགས་པ་དེ་ལྟར་བྱས་པར་སེམས་ནང་མི་བཟོད་པ་ཞིག་འདུག”ཅེས་རྒན་མོ་བསོད་ནམས་ཆོས་སྒྲོལ་གྱིས་མིད་པ་རྣོང་བཞིན་བཤད།
          སྡེ་ཁུལ་གྱིས་རྒན་རྒོན་ལ་ཆེས་ལེགས་ཤིང་སེམས་རྩ་འཁོལ་བའི་ཞབས་འདེགས་ཇི་ལྟར་ཞུ་བ་ནི་ཀླུ་སྒུག་སྡེ་ཁུལ“ཨུ་ལྷན་གཉིས”ཚན་ཁག་གིས་སྔ་བར་ཕྱི་གསུམ་དུ་སེམས་ཁུར་ཆེ་ཤོས་དང་དོ་སྣང་ཆེ་ཤོས་བྱེད་པའི་གནད་དོན་ཞིག་རེད། སྡེ་ཁུལ་གྱིས་རྒན་གསོའི་ཞབས་ཞུའི་ས་ཚིགས་བསྐྲུན་པ་ནས་བཟུང་གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་ཐོབ་ཅིང་། སྡེ་ཁུལ་གྱི་གྲོང་མི་ཚོའི་ཁས་ལེན་མགྲིན་གཅིག་ཏུའང་ཐོབ་ཡོད། སྡེ་ཁུལ་གྱིས་མ་དངུལ་སྒོར་ཁྲི་6བཏང་ནས་སྡེ་ཁུལ་གྱི་ཏང་དང་མང་ཚོཌ་ཀྱི་ཞབས་ཞུའི་ལྟེ་གནས་སུ་རྒན་རྒོན་གྱི་བྱེད་སྒོ་ཁང་ཆེད་མངགས་བཙུགས་པ་དང་། དེར་ལུས་སྦྱོང་ཁང་དང་རོལ་རྩེད་ཁང་ཡོད་པ་མ་ཟད། བརྙན་འཕྲིན་དང་། ཤོ སྒྲོམ་སྟེགས་སྤོ་ལོ། མང་ཚོགས་ཀྱི་གློག་བརྙན་ཁང་སོགས་རོལ་རྩེད་ཀྱི་སྒྲིག་ཆས་ཀྱང་ཡོད་པས་རྒན་རྒོན་གྱིས་ལུས་སྦྱོང་དང་། སྤྲོ་གསེང་། རོལ་རྩེད་བཅས་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད།
          ཀླུ་སྒུག་སྡེ་ཁུལ་གྱིས་རྒན་གསོའི་ཞབས་འདེགས་སྤུས་ཚད་ལེགས་སུ་གཏོང་བ་དང་ཟུང་འབྲེལ་བྱས་ནས་ཁྱིམ་སྡོད་དང་། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་སྡེ་ཁུལ་གྱི་ཁྱོན་ཡོངས་ལ“ཟ་མ་བཟོ་རོགས་དང་། སྨན་པ་བསྟེན་རོགས། གཙང་སྦྲ་བྱེད་རོགས”སོཌ་ཀྱི་ཁྱིམ་སྡོད་རྒན་གསོའི་ཞབས་འདེགས་སྣ་ཚོགས་སྤེལ་བས་སྡེ་ཁུལ་གྱི་རྒན་རྒོན་ཚོས“སྡེ་ཁུལ་དུ་རྒན་གསོ་དང་། ཁྱིམ་ནས་ཁ་མི་འབྲལ་བར་རྒན་གསོ”དངོས་འབྲེལ་ཐུབ་ཡོད། དེས་མ་ཟད། སྡེ་ཁུལ་གྲོང་ལྷན་གྱིས་གཞིས་སྲུང་རྒན་རྒོན་དང་མི་ཧྲེང་རྒན་རྒོན་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་གཞིས་སྲུང་རྒན་རྒོན་དང་། རྒན་རྒོན་དབང་པོ་སྐྱོན་ཅན། ལོ་ན་མཐོ་བའི་རྒན་རྒོན། འཚོ་བར་ཤིན་ཏུ་དཀའ་ངལ་ཆེ་བའི་རྒན་རྒོན་གཞན་དག་བཅས་གཙོ་གནད་ཐོག་ཞབས་འདེགས་ཞུ་ཡུལ་དུ་བརྩིས་ཏེ་རྟག་ཏུ་སྒྲིག་འཛུགས་བྱས་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་། དུས་ཡུན་རིང་པོར་སྡེ་ཁུལ་གྱི་རྒན་རྒོན་མི་ཧྲེང་ལ་རིན་མེད་ངང་ཟ་མ་བསྐྱལ་ཏེ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་དགོས་ངེས་ཀྱི་འཚོ་བའི་ལྟ་རྟོག་དང་སེམས་གསོ་ཡང་བཏང་ཞིང་། དེ་ལས་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་འབྲེལ་ཚོར་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱང་ལོངས་སྤྱོད་གང་ལེགས་ཐུབ་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1