ཞིང་ལས་དང་ལྗོངས་སྐོར་སྦྲེལ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-08


བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་བོར་རོམ་གྲོང་སྡེས་གྲོང་གསེབ་དར་རྒྱས་བཏང་ཚུལ་བཀོད་པ།


     ཉེ་ཆར། གསར་འགོད་པ་བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་བོར་རོམ་གྲོང་སྡེར་སྐྱོད་སྐབས། གྲལ་འགྲིག་པའི་སྡོད་ཁང་དང་། ཡངས་ཤིང་གཙང་བའི་སྡེ་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་འཐེན་འདུག གྲོང་གསེབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དང་བསྟུན། བཙན་ལྷ་རྫོང་གིས་ཞིང་ལས་དང་ལྗོངས་སྐོར་སྦྲེལ་ནས་ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་བ་བསྐྲུན་པས། དབང་ཞིང་གྲོང་རྡལ་བོར་རོམ་གྲོང་སྡེའི་ཐོན་ལས་དར་ཞིང་ཁོར་ཡུག་མཛེས་ལ། མང་ཚོགས་ལ་བདེ་སྐྱིད་ཀྱིས་ཁེངས་འདུག

     ཉེ་བའི་ལོ་ཤས་རིང་། བཙན་ལྷ་རྫོང་གིས་རང་བྱུང་ཐོན་ཁུངས་དང་མི་ཆོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། གྲོང་སྡེའི་དོན་དངོས་དང་འབྲེལ་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་གསོ་སྐྱོང་། བསམ་པའི་དཔལ་ཡོན་སྐྱོང་སྤེལ། ལམ་ལུགས་གསར་གཏོད་སོགས་ཀྱི་ཐད་ལ་ཤུགས་བསྣན་པ་དང་། ཆ་རྐྱེན་འཛོམས་པའི་ཡུལ་ཚོ་དང་གྲོང་སྡེ་ལ་མཐོ་སྒང་གི་ལུང་གཞུང་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས། བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་གྱིས་ཁྲེང་ཏུའུ་དང་ཞིན་ཅིན་གྱི་རིགས་མཐུན་རོགས་སྐྱོར་གྱི་གོ་སྐབས་དམ་པོར་བཟུང་སྟེ། དབང་ཞིང་གྲོང་རྡལ་གྱི་ཀུ་ཤུའི་ཐོན་ལས་ཀྱི་གཞི་ཁྱོན་ཆེ་ལ་སྤུས་ཚད་བཟང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པ་བཅས་ཀྱི་ཆ་རྐྱེན་ལ་བརྟེན། ནང་ཁུལ་གྱི་མཉམ་སྤྱོད་ཞིང་ཁྱིམ་གྱི་འདུ་ཤེས་བོར་རོམ་གྲོང་སྡེར་དྲངས་པ་དང་། ཞིང་ལས་དང་ལྗོངས་སྐོར་སྦྲེལ་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ། ཞིང་ལས་ཀྱིས་ལྗོངས་སྐོར་ལ་སྐུལ་སྤེལ་བཏང་བ་དང་ལྗོངས་སྐོར་གྱིས་ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་བསྐྱོད་དང་སྐྱོད་བཞིན་ཡོད།
     གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལུང་ཧྭ་ཀུའེ་ཡིས། ཕྱུག་པོར་འགྱུར་དགོས་ན་འགྲིམ་འགྲུལ་སྟབས་བདེ་དགོས། བོར་རོམ་གྲོང་སྡེས་2015ལོ་ནས་བཟུང་རྫོང་ཡོངས་ཀྱི་གྲོང་སྡེར་ཤར་གཏོང་གི་འགྲོ་ལམ་ཐོག་དང་པོ་བསྐྲུན་པ་དང་། ད་སྐབས་གྲོང་སྡེ་ཡོངས་སུ་ཤར་གཏོང་བའི་ལམ་སྤྱི་ལེ་20ལྷག་ཡོད་ལ། གྲོང་སྡེ་ཡོངས་ཀྱི་ཀུ་ཤུའི་ཐོན་ལས་དང་ཞིང་ཞོར་ཐོན་རྫས་བཙོང་ཚད་ཇེ་མཐོར་ཕྱིན་ཡོད་པས། མང་ཚོགས་ཀྱི་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད་ཅེས་བཤད།
     བོར་རོམ་གྲོང་སྡེའི་ཀུ་ཤུ་ར་བ་རུ་མང་ཚོགས་རྣམས་ཀྱིས་ཀུ་ཤུ་འཐོག་བཞིན་ཡོད་ལ། ཡུལ་དངོས་སུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག
     ཉེ་ཆར། བོར་རོམ་གྲོང་སྡེའི་མོའུ་ཁའེ་ཞང་ཚང་གི་ཤིང་འབྲས་ར་བ་རུ། མོའུ་ཁའེ་ཞང་ཚང་གིས་ཀུ་ཤུ་འཐོག་པ་དང་། སྐྱེལ་འདྲེན། སྒམ་ནང་དུ་འཇོག་བཞིན་ཡོད། མོའུ་ཁའེ་ཞང་གིས་ཉིན་འགའི་སྔོན་དུ་ཀུ་ཤུ་སྔོན་པོ་བཙོང་ཚར་བ་དང་། ད་ལྟ་ཀུ་ཤུ་དམར་པོ་འཚོང་བཞིན་ཡོད། རླངས་འཁོར་ཐད་ཀར་ཞིང་ཁར་ཐོན་ནས་ཀུ་ཤུ་གྲོང་ཁྱེར་ཆེ་གྲས་སུ་དབོར་སོང་། ཀུ་ཤུའི་ཡོང་འབབ་དེ་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་ལས་ལྡབ་ཁ་ཤས་འཕར་ཡོད་ཅེས་བཤད།
     ཐོན་ལེགས་ཀྱི་དགའ་སྤྲོ་དེ་བོར་རོམ་གྲོང་སྡེའི་མང་ཚོགས་ཀྱི་ངོ་ལ་ཤར་འདུག ཀུ་ཤུའི་ཐོན་ལས་ནི་གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཕྱུག་པོ་བསྒྱུར་བའི་ཐོན་ལས་ཤིག་ཏུ་གྱུར་ཡོད།

     དེ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་བསྟུན། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་མང་བས། བོར་རོམ་གྲོང་སྡེར་གྲོང་གསེབ་ལྗོངས་སྐོར་དར་བའི་སྤོབས་པ་ཡོད། ན་ནིང་གི་ཟླ་10བར། བཙན་ལྷ་རྫོང་རྒྱལ་ཁབ་མ་འཇོག་ཀུང་སི་དང་། བོར་རོམ་གྲོང་སྡེའི་ཐུན་མོང་མ་རྐང་དཔལ་འབྱོར་མཉམ་ལས་ཁང་། སི་ཝེ་ཏེང་ཚོགས་པའི་ས་ཁོངས་ཀུང་སི་བཅས་ཀྱིས་བོར་རོམ་རིག་གནས་ལྗོངས་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པར་མ་ཟད། མཉམ་འབྲེལ་སྒོས་མ་དངུལ་བཏང་ནས་མཉམ་སྤྱོད་ཞིང་གྲོང་བསྐྲུན། མཉམ་སྤྱོད་ཞིང་གྲོང་གིས་གྲོང་གསེབ་ཀྱི་ས་རྒོད་བེད་སྤྱོད་བྱས་ནས། ཞིང་བའི་མ་མཐའི་ཡོང་འབབ་དང་རྐང་དངུལ་གྱི་བོགས་དངུལ་འགན་ལེན་བྱས་པ་ཕུད། མཐའ་འཁོར་གྱི་ཁྱད་ལྡན་དངོས་རྫས་ཕྱིར་ཚོང་ལ་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་ཀྱི་ཕྱུག་འདོད་ཇེ་དྲག་ཏུ་སོང་།
     ལུང་ཧྭ་ཀུའེ་ཡིས། མཉམ་སྤྱོད་ཞིང་གྲོང་འདི་2018ལོར་ལས་མགོ་བརྩམས་ནས་བཟུང་སྟེ་2019ལོའི་ཟླ་9ཚེས་20ཉིན་བར་གཉེར་སྐྱོང་བྱས། ན་ནིང་ཁོ་ནར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་མ་དངུལ་སྒོར་ཁྲི་10ལྷག་ཡོད་པར་མ་ཟད། བོར་རོམ་གྲོང་སྡེའི་མཐའ་འཁོར་གྱི་ཞིང་ཞོར་ཐོན་རྫས་འཚོང་རོགས་བྱས་པ་དང་། ལྗོངས་རྒྱུ་བ་མང་བོ་གནས་འདིར་ཡོང་ནས་ཞིང་བའི་འཚོ་བ་མྱོང་རོལ་བྱས་པ་དེས་གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་བཏང་ཡོད་ཅེས་བཤད།

     ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་ཨང་དང་པོ་ཡིན་ཞིང་། གྲོང་གསེབ་དར་རྒྱས་སུ་གཏོང་བའི་འཕེལ་རིམ་ཁྲོད། དབང་ཞིང་གྲོང་རྡལ་དུ་གླིང་གཅིག་དང་ཁུལ་གཅིག ས་ཆ་གཅིག་བཅས་ཀྱི་གྲོང་གསེབ་དར་རྒྱས་ལས་དོན་གྱི་སྤྱི་ཡོངས་འཆར་འགོད་རགས་ཙམ་ཆགས་ནས་སྐྱེ་ཁམས་ཞིང་ལས་དཔེ་སྟོན་ལྟ་སྐོར་ཐོན་ལས་གླིང་དང་། རྒྱལ་རོང་རིག་གནས་ཀྱི་ལྟེ་བའི་མཛེས་ལྗོངས་ཁུལ། རང་ཡུལ་གྱི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་བྱ་ཡུལ་བཅས་སུ་གྱུར། ད་ཡོད་ཀྱི་ཀུ་ཤུའི་ཐོན་ལས་རིམ་སྤར་བྱས་ཏེ། གྲོང་གསེབ་ཀྱི་ལྗོངས་སྐོར་སྣེ་ལེན་ནུས་པ་དང་ཆུ་ཚད་མགྱོགས་མྱུར་ངང་ཚད་ལྡན་དུ་བཏང་བ་དང་། གྲོང་རྡལ་ཡོངས་སུ་ཞིང་ལས་དང་། ལྗོངས་སྐོར། རིག་གནས་བཅས་འདྲེས་པའི་དེང་རབས་ཞིང་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཅིག་ཆགས་པར་བྱས་ཏེ། གྲོང་གསེབ་དར་རྒྱས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་བཏང་།
     དབང་ཞིང་གྲོང་རྡལ་བོར་རོམ་གྲོང་སྡེའི་འགྱུར་ལྡོག་ནི་བཙན་ལྷ་རྫོང་གིས་གྲོང་གསེབ་དར་རྒྱས་སུ་བཏང་བའི་དཔེ་མཚོན་ཞིག་རེད། གྲོང་གསེབ་དར་རྒྱས་གཏོང་བའི་འཕེལ་རིམ་ཁྲོད། བཙན་ལྷ་རྫོང་གིས་དབུལ་བྲལ་གནད་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་གི་ཆུ་ཚད་དང་། ཡུལ་སྲོལ་དཔལ་ཡོན་ཞི་མཐུན་མཉམ་སྐྲུན་གྱི་སྤུས་ཚད། སྒྲིག་བཀོད་དང་སྤྱིའི་ཞབས་ཞུའི་ཆུ་ཚད། གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ཆུ་ཚད་སོགས་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པོར་གྱུར་ཏོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1