འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་དེ་སིང་ཀ་ཕོར་ནས་བསྡུ་རྒྱུ་ཐག་བཅད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-09


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་པུའུ་སུའེ་ཙེར་གྱི་རི་ནེ་ཝ་རུ་ཡོད་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་དོན།   པྲོག་གསར་གློ་ཚད་རིམས་ནད་ཀྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་བཏང་སྟེ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་དེ་སང་ལོའི་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་སིང་ཀ་ཕོར་ནས་བསྡུ་རྒྱུ་ཡིན་ཟེར། དེའི་སྔོན་ལ།  འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་དེ་སང་ལོའི་ཟླ་ལྔ་བའི་ནང་སུའེ་ཙེར་གྱི་ལུའུ་སེ་ཨུན་ཉེ་འགྲམ་དུ་འཚོག་རྒྱུ་ཡིན་པའི་ཚུལ་བསྟན་ཡོད།
        འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཉིན་དེར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ་བཤད་རྒྱུར།   གྲོས་ཚོགས་སྤེལ་སའི་ས་གནས་བརྗེ་བ་ནི་ཚོགས་ཞུགས་མི་སྣ་དང་གཙོ་སྒྲུབ་གནས་ཀྱི་མི་སྣ་དག་གི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་བསམ་གཞིགས་བཏང་བ་ཡིན་ཟེར།   རིམས་ནད་ཀྱི་ད་ལྟའི་གནས་བབ་ལ་དམིགས་ཏེ་གླེང་སྟེགས་ཀྱིས་སིང་ཀ་ཕོར་ནི་གྲོས་ཚོགས་བསྡུ་སའི་ས་གནས་བཟང་ཤོས་ཡིན་པར་འདོད་བཞིན་ཡོད།  ཉིས་སྟོང་ཉེར་གཉིས་ལོའི་ལོ་ཚོགས་དེ་ཡང་བསྐྱར་སུའེ་ཙེར་གྱི་ཏཱ་ཝོ་སི་ནས་བསྡུ་རྒྱུ་རེད།
        སྤྱི་བསྒྲགས་ནང་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་ནི་འཛམ་གླིང་གི་སྲིད་གཞུང་དང་ཁེ་ལས།  སྤྱི་དམངས་སྤྱི་ཚོགས་ནས་ཡོང་བའི་འགོ་ཁྲིད་པས་རིམས་ནད་རྗེས་ཀྱི་འཛམ་གླིང་ཡོངས་སླར་གསོ་བྱེད་པའི་གྲོས་གཞིར་དམིགས་ནས་བསྡུས་པའི་སྐུད་འོག་གི་གྲོས་ཚོགས་ཐེངས་དང་པོ་ཡིན་པ་དང་།  འཛམ་གླིང་གི་འགྲན་རྩོད་ལ་ཁ་གཏད་འཇལ་བར་མཁོ་བའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་རྒྱུ་རེད།
        འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་རྩོམ་མཁན་དང་ལག་བསྟར་ཀྲུའུ་ཞིའི་འགན་ཁུར་མཁན་ཧྲི་ཝ་ཡིས་སྤྱི་བསྒྲགས་ཁྲོད་བཤད་རྒྱུར།  དེང་སྐབས་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་གཞུང་སྒེར་མཉམ་ལས་བྱེད་པར་དགོས་གལ་ཆེ་བ་དང་།   ཡིད་ཆེས་སླར་གསོ་བྱས་ནས་ཉིས་སྟོང་ཉི་ཤུ་ལོའི་གྱོང་གུན་སླར་གསོ་བྱེད་དགོས་ཟེར།
        རྒྱུན་སྲོལ་ལྟར་ན།  འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་དེ་ལོ་རེའི་ལོ་འགོར་ཏཱ་ཝོ་སི་ནས་བསྡུ་བཞིན་ཡོད།  འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ད་ལོའི་ཟླ་བཅུ་བའི་ཚེས་བདུན་ཉིན་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་དེ་སང་ལོའི་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཉེར་གཅིག་ཉིན་བར་ལུའུ་སེ་ཨུན་ཉེ་འགྲམ་ནས་བསྡུ་རྒྱུ་ཁྱབ་བསྒྲགས་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1