ཇོ་མོ་གླང་མའི་མཐོ་ཚད་གསར་པ8848.86རེད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-09


 

          ཇོ་མོ་གླང་མ་ནི་རང་རྒྱལ་གྱི་ཆེས་མཐོ་བའི་རི་བོ་ཡིན་པ་དང་། འཛམ་གླིང་ཧྲིལ་པོས་གོ་ལའི་ཡང་རྩེ་རུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། 2020ལོའི་ཟླ12པའི་ཚེས8ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན་གསར་ལྟར་ན། ཇོ་མོ་གླང་མའི་མཐོ་ཚད་གསར་པ་ནི་སྨི8848.86ཡིན་པ་དང་། 2005ལོར་གཞལ་བའི་མཐོ་ཚད་ལས་སྨི4.43གྱིས་མཐོ་རུ་ཕྱིན་ཡོད་པ་རེད།
          ཇོ་མོ་གླང་མའི་མཐོ་ཚད་གཞལ་བ་ནི་རང་རྒྱལ་གྱི་ས་ཁམས་ཚན་རྩལ་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ད་ལྟ་ཇོ་མོ་གླང་མའི་མཐོ་ཚད་གཞལ་བའི་ལག་རྩལ་ཡང་སྔར་གྱི་སྲོལ་རྒྱུན་གྱི་ལག་རྩལ་ལས་དེང་རབས་སྣ་འཛོམས་ཅན་གྱི་ལག་རྩལ་བར་གོང་འཕེལ་བྱུང་ཡོད་པ་དང་། ཆེད་ལས་ཚད་འཇལ་རིས་འབྲི་བྱེད་མཁན་དག་རི་རྩེར་འཛེགས་ན། གཅིག་ནས་གཞི་གྲངས་དག་སྔར་ལས་ཡིད་རྟོན་རུང་བ་མ་ཟད། མི་གཞན་པས་ཉན་ནའང་བརྗོད་སྟོབས་ཡོད་པ་ཞིག་ཡིན། སྤྱི་ལོ1975ལོར་ཆེད་ལས་མི་སྣ་རི་རྩེར་འཛེགས་མེད་ནའང་། དེ་དུས་ཆེས་གལ་ཆེ་བའི་ཚད་འཇལ་འཕྲུལ་ཆས་སྟེ། ལྟ་འཇལ་བཙུགས་རྟགས་རི་རྩེར་ཁྱེར་ཡོད་པ་རེད། སྐབས་དེར། ཚད་འཇལ་རིས་འབྲི་བྱེད་མཁན་དག་གིས་ཇོ་མོ་གླང་མའི་རི་རྩེ་ནས་ཚད་འཇལ་ས་ཚིགས་དགུ་གཏན་འཁེལ་བྱས་ཏེ། ལྟ་འཇལ་བཙུགས་རྟགས་ཀྱི་དྲང་ཟུར་དང་སྙོམས་ཟུར་ལ་ཚད་འཇལ་བྱས་ནས། ཇོ་མོ་གླང་མའི་སྙོམས་ངོས་གནས་ཡུལ་དང་ཚད་འཇལ་ས་ཚིགས་བར་གྱི་སྙོམས་ངོས་བར་ཐག་གཏན་འཁེལ་བྱས་པ་དང་། ཟུར་གསུམ་དབྱིབས་ཀྱི་མཐོ་ཚད་བརྩི་བའི་རྩ་བའི་རིག་པ་ལྟར་། ཇོ་མོ་གླང་མའི་མཐོ་ཚད་གཞལ་ཡོད་པ་རེད། 
          2020ལོའི་ཟླ4པའི་ཚེས30ཉིན། རང་བྱུང་ཐོན་ཁུངས་པུའུ་ཡི2020ལོའི་ཇོ་མོ་གླང་མའི་མཐོ་ཚད་གཞལ་བའི་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་མཐོ་ཚད་ལ་མཚོ་ངོས་ལས་སྨི5200ཡོད་པའི་ཇོ་མོ་གླང་མའི་སྒར་ས་ཆེན་མོ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་།  2020ལོར་ཇོ་མོ་གླང་མའི་མཐོ་ཚད་གཞལ་རྒྱུ་ཡིན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། 
          ཟླ5བའི་ཚེས6ཉིན། རང་རྒྱལ་གྱི་རི་འཛེགས་རུ་ཁག་དང་རྒྱལ་ཁབ་ཚད་འཇལ་རུ་ཆེན་དང་པོས་གྲུབ་པའི2020ལོར་ཇོ་མོ་གླང་མའི་མཐོ་ཚད་གཞལ་བའི་རི་འཛེགས་རུ་ཁག་མཐོ་ཚད་ལ་མཚོ་ངོས་ལས་སྨི5200ཡོད་པའི་སྒར་ས་ཆེན་མོ་ནས་ལམ་ལ་ཆས་ཤིང་། ཇོ་མོ་གླང་མའི་རི་རྩེར་འཛེགས་ཏེ་མཐོ་ཚད་གཞལ་རྒྱུའི་རླབས་ཆེན་བྱ་གཞག་གི་འགོ་བཙུགས། 
          ཟླ5པའི་ཚེས7ཉིན། ཚད་འཇལ་རི་འཛེགས་རུ་མི35ཚང་མ་བདེ་བླག་ངང་མཐོ་ཚད་ལ་མཚོ་ངོས་ལས་སྨི6500ཟིན་པའི་སྒར་ས་རུ་སླེབས། 
          ཟླ5པའི་ཚེས8ཉིན། ཚད་འཇལ་རི་འཛེགས་རུ་ཁག་མཐོ་ཚད་ལ་མཚོ་ངོས་ལས་སྨི6700ཟིན་པའི་གནས་སུ་སླེབས་སྐབས། རི་འཛེགས་ལམ་བར་དུ་ཁ་བ་སྟུག་པོ་ཆགས་ཡོད་པས། གངས་ཉིལ་བའི་ཉེན་ཁ་ཡོད་སྟབས། རུ་མི་ཚང་མ་མདུན་སྐྱོད་སྒར་ས་རུ་ཕྱིར་ལོག་པ་རེད། 
          ཟླ5པའི་ཚེས16ཉིན། ཚད་འཇལ་རི་འཛེགས་རུ་མི་རྣམས་མཐོ་ཚད་ལ་མཚོ་ངོས་ལས་སྨི5200ཟིན་པའི་ཇོ་མོ་གླང་མའི་རི་འཛེགས་སྒར་ཆེན་ནས་ལམ་ལ་ཆས་ཏེ། ཡང་བསྐྱར་ཇོ་མོ་གླང་མའི་རི་ལ་འཛེགས་པ་རེད། 
          ཟླ5པའི་ཚེས17ཉིན། ཚད་འཇལ་རི་འཛེགས་རུ་ཁག་མཐོ་ཚད་ལ་མཚོ་ངོས་ལས་སྨི6500ཟིན་པའི་མདུན་སྐྱོད་སྒར་ས་རུ་སླེབས། 
          ཟླ5པའི་ཚེས19ཉིན། ཚད་འཇལ་རི་འཛེགས་རུ་ཁག་མཐོ་ཚད་ལ་མཚོ་ངོས་ལས་སྨི6500ཟིན་པའི་མདུན་སྐྱོད་སྒར་ས་ནས་ལམ་ལ་ཆས་ཏེ། མཐོ་ཚད་ལ་མཚོ་ངོས་ལས་སྨི7028ཟིན་པའི་སྒར་ས་རུ་སྙེག
          ཟླ5པའི་ཚེས21ཉིན།  ། གནམ་གཤིས་ཀྱི་དབང་གིས། ཚད་འཇལ་རི་འཛེགས་རུ་ཁག་མཐོ་ཚད་ལ་མཚོ་ངོས་ལས་སྨི6500ཟིན་པའི་མདུན་སྐྱོད་སྒར་ས་རུ་ཕྱིར་ལོག་སྟེ་ངལ་གསོས་ནས་བཀའ་ལ་སྒུག
          ཟླ5པའི་ཚེས24ཉིན། ཐེངས་གསུམ་པར་ཇོ་མོ་གླང་མའི་རི་རྩེར་འཕྲལ་རྒོལ་བྱས་ཤིང་། ཆུ་ཚོད14དང་སྐར་མ15ཡི་སྟེང་། ཚད་འཇལ་རི་འཛེགས་རུ་ཁག་གི་རུ་མི་ཁ་ཤས་མཐོ་ཚད་ལ་མཚོ་ངོས་ལས་སྨི6500ཟིན་པའི་མདུན་སྐྱོད་སྒར་ས་ནས་ལམ་ལ་ཆས་པ་དང་། ཆུ་ཚོད18དང་སྐར་མ15ཡི་སྟེང་། མཐོ་ཚད་ལ་མཚོ་ངོས་ལས་སྨི7028ཟིན་པའི་བྱང་ངོས་སྒར་ས་རུ་འབྱོར། 
          ཟླ5པའི་ཚེས25ཉིན། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེགས་རུ་ཁག་མཐོ་ཚད་ལ་མཚོ་ངོས་ལས་སྨི7028ཡིན་པའི་སྒར་ས་ནས་ལམ་ལ་ཆས་ཏེ། མཐོ་ཚད་ལ་མཚོ་ངོས་ལས་སྨི7790ཟིན་པའི་སྒར་སར་འབྱོར། 
          ཟླ5པའི་ཚེས26ཉིན། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེགས་རུ་མི8མཐོ་ཚད་ལ་མཚོ་ངོས་ལས་སྨི7790ཟིན་པའིC2སྒར་ས་ནས་ལམ་ལ་ཆས་ཏེ། མཐོ་ཚད་ལ་མཚོ་ངོས་ལས་སྨི8300ཟིན་པའི་འཕྲལ་རྒོལ་སྒར་ས་རུ་འབྱོར། 
          ཟླ5པའི་ཚེས27ཉིན་གྱི་། ཆུ་ཚོད2དང་སྐར་མ10ཡི་སྟེང་། ཚད་འཇལ་རི་འཛེགས་རུ་ཁག་མཐོ་ཚད་ལ་མཚོ་ངོས་ལས་སྨི8300ཟིན་པའི་འཕྲལ་རྒོལ་སྒར་ས་ནས་ལམ་ལ་ཆས་ཏེ། ཐད་ཀར་རི་རྩེར་འཛེགས། ཆུ་ཚོད11གི་སྟེང་དུ་། ཚད་འཇལ་རི་འཛེགས་རུ་ཁག་ཇོ་མོ་གླང་མའི་རི་རྩེར་འབྱོར་ཞིང་། ཆུ་ཚོད13དང་སྐར་མ་22ཡི་སྐབས་སུ། ཆུ་ཚོད2 ཀྱི་རིང་གི་ཚད་འཇལ་ལས་དོན་ཚང་མ་ཡོངས་སུ་འགྲུབ་པ་དང་། དཔའ་རྒོད་རྣམས་རི་རྩེ་ནས་མར་བབས་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1