ལི་ཁེ་ཆང་གིས་རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-09


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ ཟླ་12ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཁེ་ཆང་གིས་རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་གསན་པ་མ་ཟད་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
        གྲོས་ཚོགས་ཐོག ཚན་རྩལ་པུས་སྙན་སེང་ཞུས་པ་དང་ཚོགས་ཞུགས་བློ་མཐུན་ཚོས་གྲོས་བསྡུར་གནང་ཡོད། ལི་ཁེ་ཆང་གིས། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་མགྱོགས་མྱུར་ངང་ཐོན་པ། དམངས་ཀྱིས་བྱ་གཞག་གསར་གཏོད་དང་ཀུན་གྱིས་ལས་སྐྲུན་བྱེད་པ་རྒྱ་ཁྱབ་ཏུ་སྤེལ་བ། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། མ་དཔེ་གསར་པ་བཅས་མགྱོགས་མྱུར་འཕེལ་རྒྱས་བྱུང་བ། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་གཏོང་བར་ཆེ་ཡང་སྟོབས་ཆེན་པོ་མེད་པ་དང་། རྨང་གཞིའི་ཞིབ་འཇུག་དང་དེ་བཞིན་ཐོག་མའི་གསར་གཏོད་བྱེད་ཤུགས་ཞན་པ། འགག་རྩའི་ལག་རྩལ་ཁག་ཅིག་འགག་གནད་ལས་སྒྲོལ་དགོས་པ་སོགས་ཀྱི་གནད་དོན་གནས་ཡོད་པས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ངེས་པར་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགག་གནད་སྒྲོལ་ཐབས་དང་། འཕེལ་རྒྱས་ཀྱི་བཟང་ཆ་གསར་པ་གཏོད་དགོས་པ་གསལ་པོར་མཐོང་ཐུབ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུར་དམ་འཛིན་བྱེད་པ། བསྒྱུར་བཅོས་ལ་བརྟེན་ནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྔར་ལས་སྐུལ་སློང་བྱ་རྒྱུར་དམ་འཛིན་བྱེད་པ། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱེད་པ། ཚན་རྩལ་དངོས་ཤུགས་ཆེས་ཆེར་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད།
        ལི་ཁེ་ཆང་གིས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་ཕྱོགས་ཁག་ཚང་མ་ནས་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་དོ་སྣང་སྔར་བས་ཆེ་བ་བྱེད་དགོས། ཚན་རིག་གི་གནད་དོན་གལ་ཆེན་ཞིབ་འཇུག་དང་ལྷག་པར་དུ་ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་གསར་གཏོད་ལ་སྣང་ཆེན་བྱེད་དགོས། ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པ་དང་དུས་མཚུངས། མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས། སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་མུ་མཐུད་ནས་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་སྐུལ་སློང་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གྲོན་དངུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་ཁྲོད་ཟིན་པའི་བསྡུར་གྲངས་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱེད་དགོས། ཚན་ཞིབ་མི་སྣར་རྨང་གཞིའི་ཞིབ་འཇུག་བྱེད་སྐབས་ཀྱི་ཐོབ་ཐང་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་དང་། ལུགས་དང་མི་མཐུན་པའི་དུས་ཚོད་ཀྱི་ཚད་བཀག་མི་བཟོ་བ། ཁོང་ཚོར་དཀའ་ངལ་ཁྱད་བསད་ཀྱིས་ལོ་བཅུའི་རིང་རལ་གྲི་གཅིག་བརྡར་བའི་སྙིང་སྟོབས་ལ་བརྟེན་ནས་རང་མོས་འཚོལ་ཞིབ་དང་གྲ་སྒྲིག་ཨང་གསར་བྱས་ཏེ་ཚན་རིག་དང་མཐུན་པའི་ཤེས་རྟོགས་དང་གསར་གཏོད་གསར་སྐྲུན་སྔར་ལས་མང་བ་བྱ་རྒྱུར་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གཏོང་དགོས། གྲངས་གཞི་སོགས་རྨང་གཞིའི་རིག་ཚན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། དེ་དང་དུས་མཚུངས་བཀོལ་སྤྱོད་ཞིབ་འཇུག་དང་གསར་གཏོད་གྲུབ་འབྲས་ཀྱི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུ་སོགས་ལ་དམ་འཛིན་ཡག་པོ་བྱེད་དགོས། དེ་ལྟར་བྱུང་ཚེ་ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པ་མ་ཟད། རྨང་གཞིའི་ཞིབ་འཇུག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཀྱང་གཏོང་ཐུབ་ཅེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1