དྲིན་ཚོར་གྱི“སེམས་པའི”འགྲུལ་བཞུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-10



          ཟླ12པའི་ཚེས1ཉིན། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་བྱིས་པའི་སྨན་ཁང(བསྡུས་མིང་ལ“པེ་ཅིང་བྱིས་པའི་སྨན་ཁང”ཞེས་བརྗོད་རྒྱུ)གི་ཐོག་བརྩེགས་8་པའི་ནད་ཁང་དུ་ལོ5ལ་སླེབས་པའི་ཀརྨ་ལུང་རྟོགས་ཉི་མས་རྩེད་ཆས་ཀྱི་རླངས་འཁོར་ཆེན་པོ་ཞིག་དམ་པོར་བསྡམས་ཡོད་ཅིང་། ཁོས“འདི་ནི་ཡོན་ཀྲང་གིས་ངར་གནང་བའི་བྱ་དགའ་ཡིན”ཞེས་བཤད། 

ཀརྨ་ལུང་རྟོགས་ཉི་མས་བྱིས་པའི་སྨན་ཁང་གི་ཡོན་ཀྲང་ཉི་ཤན་གྱིས་འཁྱེར་ཡོང་བའི་ལེགས་སྐྱེས་ལེན་བཞིན་པ །
           “བཀྲ་ཤིས་བདེ་ལེགས”ཞེས་ཡོན་ཀྲང་ཉི་ཤན་ནད་ཁང་དུ་ཕེབས་ཏེ། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་རྣམ་གྲངས་ཆེ་གྲས་ཀྱིས་སྒྲིག་འཛུགས་དང་རོགས་སྐྱོབ་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་པའི་ནད་པ3ལ་ལྟ་བར་ཡོང་ཞིང་། ཁོ་ཚོའི་གཟུགས་པོ་མགྱོགས་པོར་སླར་གསོ་བྱུང་སྟེ། མི་ཚེའི“སེམས”ཀྱི་འགྲུལ་བཞུད་ཀྱི་འགོ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  མཁུར་ཚོས་དམར་པོ་ཅན་གྱི་བྱིས་པ་ཆུང་ཆུང་གསུམ་གྱི་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བྱུང་། 
           དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་ཡིན་པའི་ཀརྨ་ལུང་རྟོགས་ཉི་མ་ནི་ནད་ཁང་གི་བྱིས་པ“དགའ་ལི”ཞིག་ཡིན་ཏེ། ཁོས་མི་སུར་ཡང་རྒྱུས་མེད་མི་བྱེད་པར་སྨན་བཅོས་བྱེད་པར་གཞོགས་འདེགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྨན་འཐུང་བར་ཡང་ཁ་ཏ་སློབ་གསོ་བྱས་ནས་དཀའ་ལས་མང་པོ་རྒྱག་དགོས་ཀྱི་མེད། ནད་གཡོག་མ་ཝང་ཉིང་གིས་བཤད་རྒྱུར། “ཁོས་རྒྱ་སྐད་བྱང་ཆ་ལྡན་པ་བཤད་ཤེས་ཀྱི་ཡོད་ཅིང་། རྒྱུན་པར་ནད་ཁང་ནས ‘ཁ་རོག་གེར་ཕྱིར་བུད’དེ་ང་ཚོ་དང་ཁ་བརྡ་བྱེད་པར་ཡོང་བ་དང་། ཁོ་ནི་ད་རུང་ང་ཚོ་དང་ནད་པའི་ཁྱིམ་བདག་བར་གྱི ‘ལོ་ཙཱ་བ་ཆུང་ཆུང’ཡིན” ཞེས་བཤད།

           ཀརྨ་ལུང་རྟོགས་ཉི་མ་དང་ནད་གཡོག་ཨ་ནེས་ལག་ཐོགས་ཁ་པར་སྟེང་ནས་རྙེད་པའི“ཅ་ལག་ཡག་པོ”ལོངས་སྤྱོད་བྱེད་པའི་རྣམ་པ།
           རྒྱུས་ལོན་བྱུང་བ་ལྟར་ན། ཀརྨ་ལུང་རྟོགས་ཉི་མ་སྔོན་ཆད་ཚ་བ་རྒྱས་ནས་གློ་ལུ་ལངས་ཏེ་སྡེ་དགེ་རྫོང་གི་སྨན་ཁང་དུ་སྨན་བཅོས་བྱས་པ་དང་འབྲེལ་གློ་ཚད་ཀྱི་ནད་གཞི་ཡིན་པ་བརྟག་དཔྱད་བྱས་ཤིང་། དུས་མཚུངས་སུ་གཟུགས་པོར་བརྟག་དཔྱད་བྱས་ཏེ་སྙིང་གི་ལྷད་སྒྲ་མཐོང་བ་དང་། ཚོན་རིས་ཀྱི་སྒྲ་རླབས་བརྟག་དཔྱད་ལས་སྙིང་ཡ་མ་གཟུགས་ཡིན་པ་ཤེས་པ་རེད། དེ་ནས་ཁྱིམ་ཚང་གང་བོ་ཅི་བྱ་གཏོལ་མེད་དུ་གྱུར་སྐབས“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་རྣམ་གྲངས་ཆེ་གྲས་ཀྱིས་སྒྲིག་འཛུགས་བྱས་པའི་པེ་ཅིང་གི་སྨན་བཅོས་རུ་ཁག་ཁོང་ཚོའི་ཕ་ཡུལ་དུ་སླེབས་ཤིང་། པེ་ཅིང་བྱིས་པའི་སྨན་ཁང་གི་སྙིང་ཁམས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་ཡེ་ཙན་ཁའེ་ཡིས་གྲལ་བཤེར་བྱེད་སྐབས། ཀརྨ་ལུང་རྟོགས་ཉི་མའི་སྙིང་བར་དུ་ཧ་ལམ་ཧའོ་སྨི10ཙམ་ཆད་སྐྱོན་བྱུང་བ་ཤེས་པར་མ་ཟད། ཁོ་རང་དུས་རྒྱུན་དུ་ཆམ་པ་ཕོག་སླ་བ་དང་། ངུ་བ། འགུལ་སྐྱོད་བྱས་རྗེས་མཆུ་ཏོ་སྔོ་བར་གྱུར་པ། དབུགས་རྔུབ་པ་མགྱོགས་པ་སོགས་ཀྱི་ནད་རྟགས་ཡོད་པ་ཤེས་རྗེས། མཇུག་མཐར་དེ་ནི་ལྷན་སྐྱེས་སྙིང་ནད་ཡིན་པའི་ནད་གཞི་བརྟག་དཔྱད་བྱས་ཏེ། དེར་གཤགས་བཅོས་བྱེད་རྒྱུའི་གྲོས་གཞི་བཏོན་པ་རེད།
          “ཁ་སང(ཟླ11པའི་ཚེས30ཉིན)གཤགས་བཅོས་བྱས་ཚར་བ་རེད། དེ་རིང་བྱིས་པ་ཚོ་གནམ་ལྡིང་ས་ལྡིང་བྱེད་བཞིན་གང་སར་རྩེད་མོ་རྩེ་བཞིན་ཡོད”ཅེས་ཀརྨ་ལུང་རྟོགས་ཉི་མའི་ཨ་ཞང་ཨ་བསྟན་གྱིས“སྨན་པ”རྣམས་ཀྱི་ལག་རྩལ་ལ་བསྔགས་བརྗོད་ཚད་མེད་བྱེད་བཞིན་དེ་ལྟར་བརྗོད་པ་དང་། ཁོང་གིས“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་རྣམ་གྲངས་ཀྱིས་བྱིས་པ་རྣམས་པེ་ཅིང་དུ་ཡོང་ནས་སྨན་བཅོས་བྱེད་རྒྱུའི་གོ་སྐབས་ཡོད་དུ་བཅུག་པར་ཐུགས་རྗེ་ཆེ་ཞུས་པ་རེད།
           ཀརྨ་ལུང་རྟོགས་ཉི་མའི་གཤགས་བཅོས་བྱེད་མཁན་གཙོ་བོའི་སྨན་པ་ཡིན་པའི་ཆ་ནས། ཡེ་ཙན་ཁའེ་ཡིས་འཕྲོ་ཐིག་མེད་པ་དང་འགྱེད་འཕྲོ་མེད་པའི་ཚད་བརྒལ་སྒྲ་རླབས་རྐྱང་མས་བྱིས་པའི་སྙིང་བར་གྱི་ཆད་སྐྱོན་ལ་སྐྱི་མོས་འགོག་རྐྱེན་བཟོ་བར་ཁྲིད་སྟོན་བྱེད་པའི་ལག་རྩལ་གསར་པ་བཀོལ་བ་རེད། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལག་རྩལ་གསར་པ་འདིའི་གཤགས་བཅོས་ཀྱི་དུས་ཚོད་ཐུང་བར་མ་ཟད། ནད་ཕོག་པའི་བྱིས་པ་སླར་གསོ་བྱུང་བ་མགྱོགས་ཤིང་། གཤགས་བཅོས་བྱས་རྗེས་ཀྱི་ཉིན་གཉིས་པར་མལ་ཁྲི་ལས་སར་བབས་ནས་འགུལ་སྐྱོད་བྱེད་ཐུབ་པ་དང་། དུས་མཚུངས་སུ་ཁབ་མིག་ཆུང་ཆུང་ཞིག་གིས་སྲོལ་རྒྱུན་གྱི་བྲང་ཁ་གཤགས་པའི་ཚབ་བྱེད་ཐུབ་པ་ཡིན། “གྲིས་གཤགས་མི་དགོས་ལ་འགྱེད་འཕྲོའང་མི་དགོས་པ་དང་། གློ་ཡུའི་སྦུག་འཇུག་གམ་ལུས་ཕྱིའི་འཁོར་སྐྱོད་ཀྱང་མི་དགོས། འདིས་སྨན་པའི་ལུས་ལ་ལྭ་ལྗིད་མོ་ཞིག་གྱོན་ནས་གཤགས་བཅོས་བྱེད་པའི་ངལ་དུབ་མེད་པར་བཟོས་པར་མ་ཟད། ད་དུང་ནད་པ་དང་སྨན་པར་འགྱེད་འཕྲོའི་གནོད་སྐྱོན་མི་ཐེབས་པར་སྲུང་སྐྱོབ་དེ་བས་ཡག་པོ་བྱས་ཡོད། སྨན་བཅོས་ལག་རྩལ་གྱི་འཕུར་མཆོང་གིས་བྱིས་པ་ནད་པ་དང་སྨན་པ་གཉིས་པོར་ཕན་ཁེ་བཟང་པོ་འཐོབ་པ་མངོན་འགྱུར་བྱུང་ཡོད”ཅེས་བཤད།

           ཀརྨ་ལུང་རྟོགས་ཉི་མ་ནད་གཡོག་མ་བཙལ་བར་རྒྱུག་ནས་འགྲོ་བའི་རྣམ་པ།
           གསར་འགོད་པས་བཅར་འདྲི་བྱེད་རིང་། ཀརྨ་ལུང་རྟོགས་ཉི་མར་ཁོམ་རྒྱུ་མེད་པར་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་། ཅུང་ཙམ་ནས་ནད་གྲོགས་ནུ་མོ་དགའ་བཟང་ལྷ་མོ་གཉིད་ཡོད་མེད་ལ་བལྟ་རུ་འགྲོ་བ་དང་། ཡང་ཅུང་ཙམ་ནས་ཨ་ཞང་གི་ཁ་པར་བླངས་ནས་བརྙན་ཐུང་ལ་ལྟ་བར་མ་ཟད། ད་རུང་སྤྲོ་སེམས་འཁོལ་པོས་ནད་གཡོག་མར་བལྟ་རུ་འཇུག་པ་ཡིན།

ཀརྨ་ལུང་རྟོགས་ཉི་མ(གཡོན)དང་སྐལ་བཟང་ལྷ་མོ(གཡས)རེད།
           “ནུ་མོ་ལོ2ཡིན་ཞིང་། མོས‘ཨ་ཨ་ཨ’ཞེས་མ་གཏོགས། ད་དུང་སྐད་ཆ་བཤད་ཤེས་ཀྱི་མེད”ཀརྨ་ལུང་རྟོགས་ཉི་མས་བཤད་པའི་ནུ་མོ་ནི་སྐལ་བཟང་ལྷ་མོ་ཡིན་ཞིང་། མོའང་སྡེ་དགེ་རྫོང་ནས་ཡིན་པ་རེད། ལོ2ལྷག་ཙམ་ལ་སླེབས་པའི་ལྷ་མོ་ཆུང་ཆུང་འཚར་ལོངས་བྱུང་བ་དལ་ཞིང་། གཟུགས་པོའི་ལྗིད་ཚད་རྒྱ་མ19ལའང་ཟིན་གྱི་མེད། པེ་ཅིང་བྱིས་པའི་སྨན་ཁང་གི་སྙིང་ཁམས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ལི་ཀྲེ་ཆང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལྷ་མོ་ཆུང་ཆུང་གི་ནད་གཞི་དེ་ད་ཐེངས་ཀྱི་ནད་པའི་ཁྲོད་ཀྱི་ཅུང་ཚབས་ཆེ་བ་ཡིན་ཞིང་། དེར་སྨན་ཁང་གིས་མཐོང་ཆེན་ཆེན་པོ་བྱས་ནས་ཞིབ་འཇུག་ཡང་ཡང་བྱས་པ་བརྒྱུད། གཤགས་བཅོས་ཀྱི་ཇུས་གཞི་སོ་སོའི་ནང་དུ་ཇུས་གཞི་ཡག་ཤོས་བདམས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བྱིས་པར་རྨས་སྐྱོན་ཕོག་ཚད་དམའ་རུ་བཏང་ཡོད། ཁོང་གིས་གཤགས་བཅོས་ཀྱི་དུས་ཚོད་ཡོལ་རྗེས་ལྷ་མོ་ཆུང་ཆུང་གི་གཟུགས་པོའི་གནས་ཚུལ་དང་ལུས་པོའི་ངལ་རྩོལ་སོགས་ཚང་མ་རྒྱུན་གཏན་གྱི་ཕྲུ་གུ་དང་ཁྱད་པར་མེད་ཅེས་བཤད། 

           འདི་ནི་ནད་པ་ཆུང་ཆུང་དང་དེ་བཞིན་ཁྱིམ་མི། སྨན་དོན་མི་སྣ་བཅས་ཀྱི་མཉམ་པར་རེད།
           ཡོན་ཀྲང་ཉི་ཤན་གྱིས་བཤད་རྒྱུར། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་ནས་ལོ་ངོ13སོང་བ་དང་། དེས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་སྨན་བཅོས་དང་དྲག་སྐྱེད་བྱུང་བའི་ཐད་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་ཡོད་ཅིང་། རྒྱལ་ཁབ་དང་མི་དམངས་ཚང་མར་དོན་སྙིང་ཆེན་པོ་ལྡན། ཁོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་པའི་ནད་པར་སྨན་བཅོས་བྱ་བར་ཕྱོགས་སོ་སོའི་འབད་བརྩོན་བྱེད་དགོས་པས། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ལས་དོན་འདིར་སྐུལ་འདེད་བཏང་ནས་མ་ལག་གི་བཀོད་སྒྲིག་ཆ་ཚང་ཞིག་ཆགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། དེ་ལས་གཞན། ཁོང་གིས་མཐོ་སྒང་ས་ཁུལ་དུ་ནད་རིགས་སྔོན་འགོག་དང་འཚག་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱིས་པ་མངལ་ཆགས་པ་ནས་ཕྲུ་གུ་སྐྱེ་བའི་བར་ཚང་མར་ལྟ་སྐུལ་ཚོད་འཛིན་དང་སྔོན་འགོག་བྱ་རྒྱུར་དོ་སྣང་བྱས་ཏེ། དངོས་འབྲེལ་གྱིས་ལེགས་བཙའ་ལེགས་གསོ་མངོན་འགྱུར་ཡོང་བ་བྱས་ནས་བྱིས་པ་ཚོར་བདེ་ཐང་གི་གཟུགས་པོ་ཞིག་ཡོད་དུ་འཇུག་དགོས་ཞེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1