བོད་སྐད་ཀྱིས་ཁ་ལོ་བའི་རིགས་པའི་གཞུང་ལུགས་གི་རྒྱུགས་སྤྲད་ཆོག

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-10




    ཧུང་ཡོན་ནི་མཚོ་ངོས་ལས་མཐོ་ཚད་སྨི་3507ཡོད་པའི་མཐོ་སྒང་གི་གྲོང་ཁྱེར་ཆུང་ངུ་ཞིག་ཡིན་ལ། དེར་འཚོ་བའི་འབྲོག་པ་མང་ཚོགས་ནི་ལས་ལ་བརྩོན་ཞིང་གཞུང་དྲང་སེམས་བཟང་ཡིན། འོན་ཀྱང་བཅའ་ཁྲིམས་མང་པོ་མི་ཤེས་པ་དང་། ཡོན་ཚད་དམའ་བ། ལྷག་པར་དུ་རྒྱ་སྐད་རྒྱ་ཡིག་ཤེས་ཀྱིན་མེད་པས་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སོགས་རྒྱ་ཡིག་གི་ལམ་ནས་ཡིག་རྒྱུགས་ལེན་ཐུབ་ཀྱིན་མེད། དེར་བརྟེན2017ལོར་ཧུང་ཡོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྔ་ཁུལ་དུ་བོད་ཡིག་གི་ཐོག་ནས་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་རྒྱུགས་ལེན་ཆོག་པའི་ལམ་བཏོད། དེས་ཚད་ངེས་ཅན་ཞིག་ནས་འབྲོག་པ་མང་ཚོགས་ཀྱི་རླངས་འཁོར་སྐོར་བའི་ཕུགས་བསམ་མངོན་འགྱུར་བྱས།

    ཟླ་12ཚེས་4ཉིན། ཧུང་ཡོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྔ་ཁུལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རིགས་པའི་གཞུང་ལུགས་དེ་བོད་སྐད་ཀྱི་ལམ་ནས་རྒྱུགས་ལེན་ཐུབ་པའི་མགོ་ཚུགས་མཛད་སྒོ་འཚོགས། རྔ་བ་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་དཔོན་ལི་ཏེ་ཕུའུ་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ། འབར་ཁམས་གྲོང་ཁྱེར་དང་། རྔ་བ་རྫོང་། མཛོད་དགེ་རྫོང་། ཧུང་ཡོན་རྫོང་། འཛམ་ཐང་རྫོང་བཅས་ཀྱི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་པ་དང་རླངས་འཁོར་དོ་དམ་སུའོ་ཡི་སུའོ་ཀྲང་སོགས་མཛད་སྒོར་ཞུགས་པ་དང་། ཁོངས་གཏོགས་ས་ཁུལ་གྱི་ཁ་ལོ་བར་རྒྱུགས་ལེན་པའི་སྡེ་ཚན་དང་ཁ་ལོ་བ་གསོ་སྦྱོང་སློབ་གླིང་གི་འཐུས་མི་སོགས་མི་400ལྷག་གིས་ལོ་རྒྱུས་གྱི་དོན་སྙིང་ལྡན་པའི་མཛད་ཆེན་དེའི་དཔང་བོ་བྱས།
    མཛད་སྒོའི་ཡུལ་དངོས་སུ་གྲང་རླུང་ཧ་ཅང་རྒོད་ཀྱང་ཚང་མའི་སྤྲོ་སེམས་ལ་ཤུགས་རྐྱེན་སྤུ་ཙམ་ཡང་མ་ཐེབས། འབྲེལ་ཡོད་ཀྱི་མི་དེ་འདྲའི་མང་པོ་ཞིག་ཧུང་ཡོན་དུ་འཛོམས་ནས་རང་ཁུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་དེ་བོད་སྐད་ཀྱི་ལམ་ནས་སྤྲད་ཐུབ་པའི་མ་ལག་དེ་དངོས་སུ་སྤྱོད་མགོ་ཚུགས་པའི་དགའ་བ་མཉམ་རོལ་བྱས།
    མཛད་སྒོ་ལས་ལི་ཏེ་ཕུའུ་ཡིས་ཁ་ལོ་བའི་གསོ་སྦྱོང་སྡེ་ཚན་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་བོད་ཡིག་ཡིག་རྒྱུགས་གསོ་སྦྱོང་སློབ་དེབ་སྤྲད་པ་དང་འབྲེལ་རྔ་ཁུལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་བོད་སྐད་ཡིག་རྒྱུགས་དངོས་སུ་གཏོང་མགོ་ཚུགས་པ་ཁྱབ་བསྒྲགས་བྱས།
    ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་སྤྲོད་མཁན་ཚོ་གོ་རིམ་ལྡན་པའི་ངང་བོད་སྐད་ལམ་ནས་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་སུ་ཞུགས་པ་དང་། རྔ་བ་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་འགོ་ཁྲིད་དང་། རྫོང་དང་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་བློ་མཐུན་སོགས་ཧུང་ཡོན་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཐོག་བརྩེགས་གཉིས་པའི་ཚོགས་ཁང་དུ་ལས་ཀའི་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། ཚོགས་འདུར་བོད་འབྲེལ་ས་ཁུལ་གྱི་ཁ་ལོ་བ་དང་འབྲེལ་བའི་བོད་སྐད་ཀྱི་ལམ་ནས་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་སྤྲད་པའི་མ་ལག་ཇི་ལྟར་ཁྱབ་གདལ་གཏོང་རྒྱུ་དང་འབྲེལ་ཡོད་ཀྱི་གནད་དོན་རབ་དང་རིམ་པའི་ཐད་གཏམ་བཤད་དང་བགྲོ་གླེང་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1