ཀྲུང་གུང་ཀྲུང་དབྱང་གིས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི2020ལོ་ནས2025ལོའི་ལག་བསྟར་རྩ་གནད་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-10


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི2020ལོ་ནས2025ལོའི་ལག་བསྟར་རྩ་གནད་པར་སྐྲུན་འགྲེམ་སྤེལ་བྱས།
        རྩ་གནད་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཁྲིམས་སྐྱོང་སྤྱི་ཚོགས་ཕལ་ཆེར་མངོན་འགྱུར་བྱེད་རྒྱུ་དེ་ཉིས་སྟོང་སོ་ལྔ་ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་དམིགས་འབེན་གལ་ཆེན་གྲས་ཀྱི་གཅིག་ཏུ་གཏན་ཁེལ་བྱས་པ་དང་། དེར་དོན་སྙིང་གལ་ཆེན་ལྡན་པ་དང་ཤན་ཤུགས་ཆེན་པོ་ཐེབས་ཐུབ་ལ། ལས་འགན་ཧ་ཅང་ལྕི་ཟེར།
        རྩ་གནད་ནང་བཏོན་པའི་སྤྱིའི་དམིགས་འབེན་ནི། ཉིས་སྟོང་ཉེར་ལྔ་ལོའི་བར་དུ། བརྒྱད་ལྔ་བཅའ་ཁྲིམས་འཆར་འགོད་ལག་བསྟར་བྱས་ནས་ཡོངས་འགྲུབ་བྱེད་པ་དང་། ཁྲིམས་སྐྱོང་འདུ་ཤེས་ཇེ་བརྟན་དུ་གཏོང་བ། སྤྱི་ཚོགས་ཁྱབ་ཁོངས་ཀྱི་ལམ་ལུགས་ཚད་གཞི་སྔར་ལས་ཆ་ཚང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་རེ་བ་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་ཁྲོད་འདྲེས་པར་བྱེད་པའི་གྲུབ་འབྲས་མངོན་གསལ་ལེན་པ། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་བཅའ་ཁྲིམས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པ། མི་དམངས་མང་ཚོགས་ཡིད་ཚིམ་པའི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྣམ་པ་བཟང་བོ་གྲུབ་པར་བྱེད་པ་བཅས་བྱས་ནས། ཉིས་སྟོང་སོ་ལྔ་ལོའི་བར་དུ་ཁྲིམས་སྐྱོང་སྤྱི་ཚོགས་ཧ་ལམ་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད།
        རྩ་གནད་ནང་བསྟན་དོན། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་རིག་གནས་འཛུགས་སྐྲུན་བྱེད་དགོས།
        སྤྱི་ཚོགས་ཁྱབ་ཁོངས་ཀྱི་ལམ་ལུགས་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། སློབ་གསོ་དང་ངལ་རྩོལ་ལས་ཞུགས། ཡོང་སྒོ་བགོ་བཤའ། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། བུད་མེད། ནར་མ་སོན་པའི་མི། ལོ་ལོན། དབང་བོ་སྐྱོན་ཅན་བཅས་ཀྱི་ཚུལ་མཐུན་ཁེ་དབང་སྲུང་སྐྱོབ་སོགས་ཕྱོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། རིམས་ནད་འགོག་བཅོས་ཀྱི་འབྲེལ་ཡོད་ཁྲིམས་འཛུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཚད་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀུན་སྤྱོད་ཚད་ལྡན་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀུན་སྤྱོད་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཐད་ཀྱི་ཆེད་དོན་སློབ་གསོ་དང་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་ལྟར་སྤྱོད་ཚུལ་མི་ལེགས་པའི་མིའི་ཁྲིམས་འགལ་སྤྱོད་ཚུལ་ལ་ཆད་པ་གཅོད་དགོས། ཚན་རིག་བདེ་ཐང་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་དར་སྤེལ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟ་བའི་སྲོལ་ངན་མེད་པར་བྱེད་པ། སྤྱི་དམངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་དང་རིམས་ནད་འགོག་བཅོས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་ཡིད་རྟོན་འཛུགས་སྐྲུན་བྱེད་དགོས།
        དབང་ཆ་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། སྤྱི་དམངས་སྤྱི་ཐུན་ཇུས་ཆོད་གལ་ཆེན་ཁྲོད་ཞུགས་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་འཛིན་ཁྲོད་ཀྱི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། མི་དབང་ཁྲིམས་འཛིན་འགན་སྲུང་ལ་ཤུགས་བསྣན་ནས། མང་ཚོགས་ལ་སྟབས་བདེ་ཞིང་ཕན་མཐོ་བའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། སྤྱི་ཚོགས་གཙོ་གཞིས་ཁྲིམས་བཀོད་འོས་འགན་ལག་བསྟར་བྱེད་པ་དང་སྤྱི་ཚོགས་འགན་འཁྲི་ཕྲག་ཏུ་ལེན་པར་སྣེ་ཁྲིད་བྱེད་དགོས།
        སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་བསྒྱུར་བ་དང་། སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རིམ་པ་མང་བ་དང་ཁྱབ་ཁོངས་མང་པོ་རུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། མི་དམངས་ཚོགས་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་མཐུན་སྦྱོར་རྐྱེན་སྲོལ་དང་འགན་འཁྲི་འགན་བགོས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྲིམས་ལྟར་དང་ཕན་ཡོད་པའི་སྒོ་ནས་སྤྱི་ཚོགས་འགལ་རྩོད་ཐག་གཅོད་དགོས།
        ཁྲིམས་ལྟར་དྲ་རྒྱའི་བར་སྟོང་བཅོས་སྐྱོང་བྱེད་པ་དང་། འཛུགས་བསྒྱུར་སྤང་འདོན་མཉམ་དུ་སྤྱོད་པའི་བྱེད་ཐབས་བརྒྱུད་དེ། ད་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲ་རྒྱའི་བར་སྟོང་དུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་ཐད་ཀྱི་ཁ་དན་ཚིག་ལ་མི་གནས་པའི་གཙོ་གཞིའི་ཡིད་རྟོན་ཆ་འཕྲིན་དོ་དམ་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་གཏན་འབེབས་བྱེད་པ་དང་། དྲ་ཐོག་ཐད་གཏོང་དང་རང་སྨྱན་བྱད། ཤེས་བྱའི་སྡོད་ཁུལ་གྱི་དྲི་ལན་སོགས་སྨྱན་བྱད་གསར་བའི་ལས་རྣམ་སོགས་ལག་རྩལ་གསར་བའི་ཉེར་སྤྱོད་ཚད་ལྡན་དོ་དམ་བྱེད་ཐབས་གཏན་འབེབས་བྱེད་དགོས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་ལ་ཞིབ་འཇུག་བྱེད་པ་དང་གཏན་འབེབས་བྱེད་དགོས། དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་སྐྱེད་སྲིང་བྱས་ཏེ། སྤྱི་དམངས་ཀྱིས་ཁྲིམས་ལྟར་བདེ་འཇགས་ངང་དྲ་རྒྱ་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
        རྩ་གནད་ལས་ད་དུང་རྩ་འཛུགས་འགན་སྲུང་ལ་ཤུགས་སྣོན་པའི་ཐད་ནས་རེ་བ་བཏོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1