དཀར་མཛེས་ཁུལ་བོད་ཀྱི་ཤེས་རིག་ཞིབ་འཇུག་མཁས་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-11



        སྤྱི་ཟླ12པའི་ཚེས10ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་གནང་བའི2020ལོའི་དཀར་མཛེས་ཁུལ་བོད་ཀྱི་ཤེས་རིག་ཞིབ་འཇུག་མཁས་པའི་བཞུགས་མོལ་ཚོགས་འདུ་ཞེས་པའི་བགྲོ་གླེང་གྲོས་ཚོགས་ཤིག་དར་མདོའི་མཛའ་གཞས་མགྲོན་ཁང་གི་གྲོས་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

        གྲོས་ཚོགས་ཀྱི་གོ་རིམ་ཁག་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་མདོ་འཛིན་གནང་ཞིང་། གྲོས་ཚོགས་ཐོག་ཏུ་སི་ཁྲོན་མི་རིགས་སློབ་གླིང་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་ཨུའི་རྩ་འཛུགས་པུའུ། དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། དཀར་མཛེས་ཉིན་རེའི་གསར་འགྱུར་ཁང་། དཀར་མཛེས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དཀར་མཛེས་ཁུལ་ལས་བྱེད་སློབ་གྲྭ། ཁུལ་ནང་བསྟན་མཐུན་ཚོགས། དར་མདོའི་སློབ་འབྲིང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་སོགས་དར་མདོ་ས་ཁུལ་དུ་ཡོད་པའི་བོད་རིག་པ་དང་འབྲེལ་ཡོད་ཀྱི་སློབ་གྲྭ་ཁག་དང་འབྲེལ་ཡོད་ལས་ཁུངས། འཕྲིན་སྦྱོར་ལས་ཁུངས་སོགས་ཀྱི་དགེ་རྒན་ཆེན་མོ་དང་མགོ་ཁྲིད་སོགས་ཁྱོན་མི་སྣ་སུམ་ཅུ་ལྷག་ཚོགས་འདུར་ཞུགས།
     ཚོགས་ཐོག་ཏུ་དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཞང་ཧྥེང་དང་། དཀར་མཛེས་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་ཤེས་ལྡན་མི་སྣ་ལྟེ་གནས་ཀྱི་ཀྲུའུ་རེན་ཀུང་ཞིན་ཡིའུ། དེ་སྔོན་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀོ་ཁྲང་ཕིང་། དེ་སྔོན་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ལིན་ཅུན་ཧྭ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་འགྱུར་མེད་ཚེ་དབང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་སོགས་དབུ་ཁྲིད་དང་མཁས་དབང་ཁག་གཅིག་གིས་བོད་རིག་པའི་འཕེལ་ཕྱོགས་དང་། བརྒྱུད་འཛིན། དར་སྤེལ་སོགས་ཀྱི་ཐད་ལ་ཁ་ཚ་དགོས་གཏུག་གི་གསུང་བཤད་གལ་ཆེན་གནང་ཡོད་པ་དང་། གོང་རིམ་འབྲེལ་ཡོད་ལས་ཁུངས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་གནང་བཞིན་པའི་གོ་སྐབས་བཟང་པོ་འདི་ནི་བོད་རིག་པའི་ལས་ཁུངས་དག་ལ་གོ་སྐབས་བཟང་ཤོས་ཤིག་ཡིན་ལ། དེ་དམ་འཛིན་བྱ་དགོས་པ་གནད་ཀྱི་དམ་པ་ཡིན་ཚུལ་དང་། བོད་རིག་པའི་ལས་དོན་གང་ཞིག་བསྒྲུབ་རུང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་དང་མཐུན་པར་སྒྲུབ་དགོས་ཚུལ་སོགས་དང་། མ་འོངས་པར་བོད་རིག་པ་འདི་ཉིད་འཕེལ་རྒྱས་གཏང་བར་བོད་རིག་པ་དང་ཡུལ་སྐོར་རིག་གནས་གཉིས་ཟུང་དུ་སྦྲེལ་དགོས་ཚུལ་སོགས་ཀྱི་བཀའ་སློབ་དང་ལམ་སྟོན་རྒྱ་ཆེར་གནང་བ་རེད།
     ཕྱི་དྲོར་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་བོད་རིག་པའི་དཔུང་སྡེ་ཇི་ལྟར་འཛུགས་སྐྱོང་དང་མི་སྣ་ཇི་ལྟར་སྐྱེད་སྲིང་བྱ་དགོས་ཚུལ་དང་། བོད་རིག་པ་དང་འབྲེལ་ཡོད་ཀྱི་རིག་དངོས་ཁང་དང་དཔེ་ཁང་སོགས་ཡོད་པ་རྒྱུན་སྐྱོང་། མེད་པ་གསར་དུ་གཏོད་དགོས་ཚུལ། བོད་རིག་པ་འདི་ཉིད་ཀྱིས་སྤྱི་ཚོགས་བདེ་འཇགས་དང་འཚོ་བ་ཡར་རྒྱས་སོགས་ཀྱི་ཕྱོགས་ལ་ཕན་འབྲས་ཇི་ལྟར་འབྱུང་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1