ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-11


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས9ཉིན་གྱི་དགུང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ལ་ཁ་པར་བཏང་།
        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ཐོག་བརྟན་བརླིང་མིན་པ་དང་གཏན་འཁེལ་མིན་པའི་རང་བཞིན་ཆེ་རུ་ཕྱིན་ནས་རྒྱལ་ཁབ་མང་པའི་འགན་འཁྲི་འཁུར་རྒྱུར་འབོད་སྐུལ་བྱས་ཡོད། “རང་བཙན་རང་བདག་དང་། ཕན་ཚུན་རྟོགས་པ། མཐོང་རྒྱ་ཆེ་བ། གཉིས་ཁེ་གཉིས་ཕན”བཅས་ནི་ཀྲུང་གོ་དང་ཧྥ་རན་སེའི་བར་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་ཡིན། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོ་དང་ཧྥ་རན་སེའི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཞིག་རེད། ང་ཚོས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཟུང་ནས་ཐུན་མོང་གི་ངོས་འཛིན་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་བརྟན་པོ་བཟུང་ནས་འགྲོ་འོང་ལ་ཤུགས་སྣོན་དང་། མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རང་གི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལའང་བརྩི་འཇོག་བྱེད་ཀྱིན་ཡོད། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། ཐུན་མོང་གིས་གོང་འཕེལ་བཅས་བྱས་ཏེ།  དུས་བབ་གསར་པའི་འོག་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་དང་འཐབ་ཇུས་རང་བཞིན་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་རེ་བ་ཡོད། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་མགྱོགས་མྱུར་ཀྱིས་ལེགས་སྒྲུབ་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་ཀྱི་མཐོ་རིམ་སྐད་ཆ་ཤོད་རེས་དང་དེ་བཞིན་གྲངས་འཛིན་ཁྱབ་ཁོངས་ཀྱི་མཐོ་རིམ་སྐད་ཆ་བཤད་རེས་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  
        མཱ་ཁེ་ལུང་གིས་བཤད་རྒྱུར། ཧྥ་རིན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་མཉམ་ལས་ཡག་པོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ་ཧྥ་རན་སི་དང་ཡོ་རོབ་གླིང་། ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། ཡོ་རོབ་གླིང་དང་ཀྲུང་གོའི་མ་དངུལ་གཏོང་བའི་གྲོས་ཆོད་གྲོས་མོལ་ལ་སྔ་མོ་ནས་གྲུབ་འབྲས་ཐོབ་པར་སྨོན། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་གནམ་གཤིས་འགྱུར་ལྡོག་གི་ཕ་རི་སིའི་གྲོས་ཆོད་ལ་བྱས་རྗེས་གལ་ཆེན་བཞག་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། དེ་བཞིན་རིམས་འགོག་སྨན་ཁབ་དང་བུ་ལོན་ཉུང་གཏོང་ཐད་ཐོན་པའི་ནུས་པ་གལ་ཆེན་དང་། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པ།  ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་། སྤྱིའི་འཕྲོད་བསྟེན། ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པ་སོགས་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  །
        རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་དུས་རིམ་རྗེས་མའི་ཕྱོགས་མང་མཉམ་ལས་བྱ་རྒྱུའི་སྐོར་གྲོས་བསྡུར་གནང་བ་རེད། ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཆགས་པ་མ་ཟད། རང་སོ་སོའི་འབྲེལ་ཡོད་སྡེ་ཁག་ལ་མགྱོགས་མྱུར་ཀྱིས་དོན་འཁྱོལ་བྱེད་དགོས་པའི་འགན་དཀྲིས་པ་སྟེ།
        གཅིག  རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་འགོ་ཁྲིད་པས་བརྙན་ལམ་བརྒྱུད་དེ་ཀྲུང་གོ་དང་ཧྥ་རན་སེའི་གྲོས་ཚོགས་སྤེལ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས11པར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
        གཉིས། ཚེ་སྲོག་གསོ་རིག་དང་། སྐྱེ་དངོས་སོན་གསོ། ཟླ་བའི་གོ་ལ་དང་སྐར་མ་མིག་དམར་གྱི་འཚོལ་ཞིབ་ཚད་ལེན། སྲུང་སྐར་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་དགོས།
        གསུམ། འགག་སྒོའི་ཐད་སྦྲེལ་ཁ་པར་འབྲེལ་གཏུག་སོགས་ཀྱི་ལམ་སྲོལ་བརྒྱུད་དེ་འགག་སྒོའི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།
        བཞི། པྲོག་གསར་གློ་ཚད་རིམས་ནད་ཀྱི་དཀའ་ངལ་ཁྱད་བསད་བྱ་དགོས། ཨ་ཧྥེ་རི་ཁའི་ཕག་ནད་ས་ཁོངས་ཅན་གྱི་དོ་དམ་ལག་རྩལ་གྲོས་མོལ་ལ་སྐུལ་འདེད་བཏང་ནས་མཉམ་ལས་གྲོས་མཐུན་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་སྔ་ཙམ་ཐོབ་པའི་བརྩོན་ལེན་བྱེད་དགོས།
        ལྔ། པེ་ཅིན་གྱི2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་ཕ་རི་སིའི2024ལོའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བཟུང་སྟེ། ཨོ་རྩལ་འགྲན་ཚོགས་དང་དམངས་ཁྲོད་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་དགོས།
        དྲུག《ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་གྲོས་ཆོད》2021ལོའི་ལོ་འགོར་དངོས་སུ་གོ་ཆོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཇ་ལོ་དང་། རྒུན་ཆང་། ཕྱུར་བ་སོགས་ཀྲུང་གོ་དང་ཧྥ་རེན་སེའི་སྤུས་ཚད་མཐོ་བའི་ཁྱད་ལྡན་ཞིང་ཟས་ཐོན་རྫས་ཕན་ཚུན་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་རྒྱུར་རྒྱབ་སྐྱོར་བྱེད་དགོས།
        བདུན། “པྲོག་གསར་གློ་ཚད་རིམས་ནད་དང་སྨན་རྫས་ཞིབ་འཇུག་གསར་སྤེལ། ཐོན་སྐྱེད། འདྲ་མཉམ་བགོ་བཤའ་རྒྱག་རྒྱུ་བཅས་མགྱོགས་སུ་གཏོང་བའི་མཉམ་ལས་གྲོས་འགོ”དང“པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ལག་བསྟར་འཆར་གཞི”ལ་ཧུར་ཐག་སྒོས་ཞུགས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་སྤྱོད་ཐུབ་པའི་སྤྱི་པའི་ཐོན་རྫས་ཤིག་ཏུ་འགྱུར་དགོས།
        བརྒྱད། ཕྱོགས་མང་རིང་ལུགས་ཐུན་མོང་གིས་སྲུང་སྐྱོང་དང་། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་དགོས། ད་ལོའི་ཟླ12ཚེས12ཉིན་གནམ་གཤིས་དཔའ་སེམས་ཆེ་བའི་དབུ་ཚོགས་དང་སང་ལོའི་ཟླ་དང་པོའི“སྐར་མའི་གོ་ལ་གཅིག”གི་དབུ་ཚོགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སང་ལོའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ། འཛམ་གླིང་གི་རང་བྱུང་སྲུང་སྐྱོང་ཚོགས་ཆེན་སྐབས་བདུན་པ་བཅས་ལ་ཞུགས་རྒྱུའི་སྐུལ་སློང་བྱེད་དགོས། གོང་གསལ་གྱི་རྒྱལ་སྤྱིའི་གྲོས་རིམ་གལ་ཆེན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།  
        ཕྱོགས་གཉིས་ཀྱིས་ད་དུང་དབྱི་རན་གྱི་ཉིང་རྡུལ་དང་། ལྷོ་སྣེའི་རྒྱ་མཚོ་སྲུང་སྐྱོང་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1