༄༅།།འཕན་ཡུལ་གྱི་ཨ་ཁུ་སྟོན་པའི་སྐོར།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 12-11


      སྒྱུ་རྩལ་མཁས་ཅན་བློ་བཟང་ཚེ་རིང་ཞེས་དང་ཡང་ན་འཕན་ཡུལ་གྱི་ཨ་ཁུ་སྟོན་པ་ཞེས་པའི་མཚན་སྙན་དེ་བོད་ཀྱི་ས་ཕྱོགས་གང་སར་ཡོངས་ཁྱབ་ཏུ་གྱུར་ན་ཡང་། ད་བར་ཁོང་གི་ལོ་རྒྱུས་ཇི་བཞིན་ཡིག་ཐོག་ལ་འཁོད་པ་ཞིག་མཐོང་དཀོན་པས་ན་རང་ཉིད་ནས་རང་གི་ཕ་ཡུལ་དུ་བྱུང་བའི་གྲགས་ཅན་མི་སྣ་དེ་འདྲ་ཞིག་གི་ལོ་རྒྱུས་རྣམས་ཡིག་ཐོག་ལ་འགོད་རྒྱུ་དེ་དགོས་པ་གལ་ཆེན་ཞིག་ཏུ་མཐོང་སྟེ་ལོ་ཤས་ཀྱི་གོང་ནས་དོན་དེར་དམིགས་བསལ་གྱི་དོ་སྣང་དང་། ཤེས་རྟོགས་ཀྱིས་ཁོང་གི་སྐོར་གོ་ཐོས་བྱུང་བ་རྣམས་བརྗེད་ཐོར་བཀོད་དེ་ཉར་ཚགས་དང་། ད་དུང་ས་ཡུལ་དངོས་ལ་ཐེངས་འགའ་ཞིག་བསྐྱོད་དེ་ཁོང་གི་བུ་ཕྲུག་དང་། སྤུན་མཆེད་སོགས་སྔར་ཁོང་འཚོ་བཞུགས་སྐབས་སུ་འབྲེལ་འདྲིས་ཡོད་པའི་མི་སྣ་མང་པོར་བཅར་འདྲི་དང་། བགྲོ་གླེང་གིས་ཡང་སྙིང་ཁོང་ལ་མཚན་དེ་ལྟར་ཐོགས་པའི་རྒྱུ་མཚན་ལོ་རྒྱུས་དང་། དེ་བཞིན་ཁོང་གི་སྐྱིད་སྡུག་འདྲེས་མའི་མི་ཚེའི་ལམ་བུ་དེ་དག་ཤེས་རྟོགས་དང་རྒྱུད་ལོན་གྱིས་ད་ལན་འདིར་སྒྲོ་སྐུར་གཉིས་ཀྱི་མཐའ་ལ་མ་ལྷུང་བར་བློ་གསར་མཁྱེན་འདོད་ཅན་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ལ། སྙན་གྲགས་ཅན་གྱི་ཨ་ཁུ་བློ་བཟང་ཚེ་རིང་ནི་འཕན་ཡུལ་རྒྱལ་ལྷ་ཁང་གི་ཉེ་འཁྲིས་སུ་ལྷ་ཁང་ཤར་མ་ཞེས་ཁྲལ་པའི་མི་ཚང་ཆེན་པོ་ཞིག་ཡོད་པ་དེའི་ནང་ཡབ་དབང་འདུས་དང་། ཡུམ་པདྨོ་གཉིས་ཀྱི་སྲས་སུ་རབ་བྱུང་༡༥པའི་ཤིང་མོ་ཡོས་སྤྱི་ལོ་༡༩༡༥ལོར་སྐུ་འཁྲུངས་ཤིང་། ཁོང་ནི་ཆུང་དུས་ནས་སྤྱང་གྲུང་འཛོམས་ལ་བློ་རིག་བཀྲ་བ་དང་། གཞས་དང་ཞབས་བྲོར་དགའ་ཞིང་། གཞས་ཚིག་དང་གཏམ་དཔེ་སྣ་ཚོགས་འཕྲལ་མར་གསར་རྩོམ་ཐུབ་པ། ཡུལ་གྱི་བྱིས་པ་རྣམས་ལ་རྩེད་མཚར་ཆེ་བའི་རིག་པ་སྣ་ཚོགས་སློབ་པར་མཁས་པ་སོགས་དྲན་རྒྱུ་ཧ་ཅང་རྒོད་པའི་མི་སྣ་ཞིག་ཡིན་པས། ཁོང་གི་བྱེད་སྟངས་མང་པོ་ཞིག་སྔོན་གྱི་ཨ་ཁུ་སྟོན་པ་དང་ཤིན་ཏུ་འདྲ་བས་ན། དེ་གའི་ཡུལ་མི་རྣམས་ཀྱིས་ཁོང་ལ་མིང་ལྡོག་གི་ཚུལ་དུ་ཨ་ཁུ་སྟོན་པ་ཞེས་འབོད་ཀྱི་ཡོད། ཁོང་ནི་བྱིས་པ་ཆུང་ངུའི་དུས་ནས་གླུ་དང་གར་སོགས་རོལ་རྩེད་སྣ་ཚོགས་དང་། གཏམ་དང་ཡིག་རྩིས་སོགས་ཤེས་བྱའི་གནས་གང་སར་ཕ་མ་གཉིས་དང་། གཞན་གྱིས་སྐུལ་སློང་གང་ཡང་མེད་ན་ཡང་རང་འགུལ་གྱི་ངང་ནས་འབད་བརྩོན་ཆེན་པོ་གནང་མཁན་ཞིག་ཡིན་པ་ལས་ཁྱིམ་གཞིས་འཛིན་སྐྱོང་གི་ལས་ལ་དེ་ཙམ་དོ་སྣང་གནང་གི་མེད་པས། རྒྱུན་དུ་ཁོང་གི་པཱ་ལགས་ཀྱིས་བུ་ཁྱེད་དགོས་པའི་ལས་ཀ་སྦྱངས་ནས་ཕ་ཤུལ་བུས་འཛིན་བྱེད་རྩིས་མ་བྱས་པར་མི་དགོས་པའི་གླུ་གར་ཡིག་རྩིས་སོགས་བསླབ་སྟེ་གང་བྱེད། ང་ཚོ་ལྷ་ཁང་ཤར་མ་ཞེས་པའི་མི་ཚང་འདི་མི་ཐོག་ནས་མི་ཐོག་བར་ཁྲལ་པའི་པ་ཕ་བྱས་ནས་རྒྱུན་སྐྱོང་བཞིན་པ་ལ། བུ་ཁྱོད་ཀྱིས་དེ་དག་བརྒྱུད་འཛིན་གྱིས་མི་ཚང་ཟིན་རྩིས་མ་བྱས་པར་གང་ཞིག་བྱེད་རྩིས་ཡོད་ཅེས་བཀའ་བཀྱོན་དང་དྲན་སྐུལ་ཡང་ཡང་གནང་བར་བརྟེན། ཐེངས་ཤིག་ཁོང་གིས་རང་ཁྱིམ་དུ་མི་མང་པོ་ཡོད་པའི་དུས་ཤིག་ལ་ཁྱིམ་གྱི་ཀ་བར་འཐམས་ཏེ་པ་ཕཱ...། ང་མི་ཚང་ཟིན་གྱི་ཡོད། ཅེས་སྐད་འབོད་ཤུགས་ཆེ་བྱས་པས་དེ་ཡོད་མི་ཐམས་ཅད་བགད་མོས་མགོ་ན་དགོས་པ་ཞིག་བསླང་མྱོང་ཡོད། དེ་བཞིན་ཁོང་གི་ཁྱིམ་ལ་རྟ་རྒན་སྒལ་རྨ་ཅན་ཞིག་ཡོད་པ་དེར་ནམ་རྒྱུན་མི་གཞན་མེད་པའི་སྐབས་རྒྱུག་པའི་རྩེར་ཁབ་སྒྲོག་ནས་རྟའི་སྒལ་རྨའི་སྟེང་འཛུགས་ཀྱི་ཡོད་པས་རྟ་དེ་ནི་རྨ་ཁ་ཚ་ནས་རྐང་པས་རྡོག་ཐོ་གཞུ་བ་དང་། ཁ་ཡར་བརྫེས་ནས་སོ་བསྟན་ཏེ་ཁོང་རང་ལ་སོ་རྒྱག་ཐབས་བྱེད་ཀྱི་ཡོད། དེས་ན་ཁོང་གིས་མི་མང་པོ་ཡོད་སར་ངའི་རྟ་འདིས་ཞབས་བྲོ་འཁྲབ་ཤེས་པ་མ་ཟད་གད་མོ་ཡང་བགད་ཀྱི་ཡོད་ཅེས་བརྗོད་དེ་ནམ་རྒྱུན་ཁབ་སྒྲོག་སའི་རྒྱུག་པ་དེ་རྟའི་མདུན་ལ་འཆར་ཙམ་འཆར་ཙམ་བྱེད་སྐབས་རྟ་དེ་ནི་རྒྱུག་པ་མཐོང་མ་ཐག་རྐང་པ་དབྱུག་ཅིང་མཆུ་ཡར་བརྫེས་ནས་སོ་བསྟན་གྱི་ཡོད་པས་ན། དེར་ཡོད་མི་རྣམས་ནི་དངོས་འབྲེལ་ཁོང་གི་རྟས་ཞབས་བྲོ་འཁྲབ་ཀྱི་འདུག་ལ་གད་མོ་ཡང་བགད་ཀྱི་འདུག་ཅེས་ངོ་མཚར་ཆེན་པོ་བྱས་ཏེ་དུས་ཡུན་གང་ཙམ་རིང་གྲོང་ཚོ་དང་གྲོང་ཚོའི་ཉེ་འཁོར་གྱི་ས་ཆ་གང་སར་གསར་འགྱུར་ཆེན་པོ་ཞིག་ཏུ་གྱུར་ནས་ཆེད་མངགས་བལྟ་བར་ཡོང་མཁན་ཡང་མི་མང་པོ་ཞིག་བྱུང་། དེ་བཞིན་ཁོང་ཆུང་དུས་ལུག་འཚོ་བར་འགྲོ་སྐབས་བྱ་གླག་གིས་རྟག་པར་ལུ་གུ་འཁྱེར་ཏེ་ཟ་ཡི་ཡོད་པས་ཉིན་ཞིག་ཁོང་གིས་བྱ་གླག་ལ་ཁ་གཏད་གཅོག་པའི་ཐབས་ཤེས་འདི་འདྲ་ཞིག་བཏོན་པ་ནི། ལུ་གུ་ཤི་རོ་ཞིག་པགས་པ་བཤུས་ནས་དེའི་པགས་པའི་ནང་ཁོག་སྟོད་དུ་ཤིང་སྤ་མ་སྐམ་པོ་བླུགས་པ་དང་། ཁོག་སྨད་དུ་སོལ་བ་ཕྲན་ཙམ་བླུགས་ནས་ལུ་གུ་གསོན་པོ་དང་ཁྱད་མེད་པ་ཞིག་བཟོས་ཏེ་ཁོག་སྨད་ནས་སོལ་བའི་དཀྱིལ་དེར་མེ་ཅུང་ཟད་བརྒྱབ་སྟེ་ནམ་རྒྱུན་བྱ་གླག་ཡོང་ས་དེར་བཞག གང་ཙམ་ནས་བྱ་གླག་དེ་འཕུར་ཡོང་སྟེ་ལུ་གུའི་སོབས་དེ་འཁྱེར་སོང་བས་ན། བྱ་གླག་དེ་འཕུར་ཤུགས་ཆེ་བས་མེ་ལ་རླུང་ཤུགས་ཆེན་པོ་འཐབ་ནས་གློ་བུར་མེ་ཆེན་པོ་ཞིག་འབར་ཏེ་བྱ་གླག་གི་སྤུ་དང་གཤོག་སྒྲོ་རྣམས་མེས་འཚིག་ནས་ས་ལ་ལྷུང་སྟེ་ཤི་བས་དེ་ཡོད་ར་ལུག་འཚོ་མཁན་གྱི་བྱིས་པ་རྣམས་ཧ་ལས་ཧང་སང་དུ་གྱུར་བ་ཞིག་བཟོས་པ་རེད། དེ་དང་དེ་ལྟ་བུའི་ངོ་མཚར་ཆེ་བའི་གཏམ་རྒྱུད་རྣམས་རེ་ཞིག་མཚམས་འཇོག་གིས་ད་ནི་ཨ་ཁུའི་ཁྱིམ་རྒྱུད་ཀྱི་ཐོག་མའི་འབྱུང་ཁུངས་ལས་གླེང་བར་བྱ་བ་ལ། འཕན་ཡུལ་རྒྱལ་ལྷ་ཁང་གི་ཉེ་འཁྲིས་སུ་གོང་ཞུས་ཨ་ཁུའི་ཁྱིམ་རྒྱུད་ལྷ་ཁང་ཤར་མ་ཞེས་པའི་མི་ཚང་དེ་མ་ཡིན་པའི་ད་དུང་ལྷ་ཁང་ནུབ་མ་ཞེས་པའི་མི་ཚང་ཞིག་ཀྱང་ཡོད། མི་ཚང་དེ་གཉིས་ཀྱི་ཐོག་མའི་མི་རྒྱུད་ནི་འཕན་ཡུལ་ཀླུ་མོས་རྒྱལ་ཞེས་པའི་མི་ཚང་དེའི་མི་རྒྱུད་ཡིན་ཞིང་།(ཀླུ་མོས་རྒྱལ་ཞེས་པའི་ས་ཆ་དེ་ནི་ལྷུན་གྲུབ་རྫོང་ལྕང་ཤར་ཤང་བརྒྱ་གྲོང་གྲོང་ཚོའི་ཤར་ཕྱོགས་ཀྱི་རི་འདབས་སུ་ཡོད་ཅིང་ད་ལྟ་གནས་དེར་སྔར་གྱི་སྤྱང་ལུང་ཆོས་སྡེ་དགོན་གནས་སྤོ་ཞུས་ནས་དེང་སྐབས་མི་རྣམས་ཀྱིས་ཀླུ་རྒྱལ་དགོན་ཞེས་བརྗོད།)མི་རྒྱུད་དེ་ཉིད་ལྷ་ཁང་ཤར་ནུབ་གཉིས་དང་འབྲེལ་བ་བྱུང་ཚུལ་ནི་འཕན་ཡུལ་ཀླུ་མོས་རྒྱལ་ཞེས་པའི་ས་དེར་སྔར་གྱི་དུས་སུ་ཀླུ་རྒྱལ་ཤར་ནུབ་ཅེས་པའི་མི་ཚང་གཉིས་ཡོད་པ་ལས་མི་ཚང་དེ་གཉིས་ཀྱི་ཐོག་མའི་འབྱུང་ཁུངས་ཀྱི་སྐོར་ལ་སྔར་གྱི་མི་རྣམས་ཀྱི་བཤད་རྒྱུན་ལ་གཞིགས་ན། སྔོན་གྱི་དུས་སུ་རྒྱ་གར་གྱི་རྟོགས་ལྡན་དཔའ་བོ་འཇིགས་པའི་རྒྱུད་པ་ཡིན་ཞེས་པའི་རྒྱ་གར་ཨཱ་ཙརྱ་བདུན་(ཨཱ་ཙརྱ་ཞེས་པ་ལེགས་སྦྱར་གྱི་སྐད་ཡིན་ཞིང་བོད་སྐད་དུ་སློབ་དཔོན་ཞེས་པའི་དོན་ནོ།)འཕན་ཡུལ་ལ་ཕེབས་ཏེ་ཁྲོལ་མོ་ནག་མོའི་ཉེ་འཁྲིས་སུ་ཡོད་པའི་ཀླུ་མོས་ཚལ་དུར་ཁྲོད་ཀྱི་སྟེང་དུ་གཅོད་བཏང་ནས་ཉིན་ཤས་བཞུགས་རྗེས་ཨཱ་ཙརྱ་བདུན་པོ་དེ་ལས་དྲུག་བོད་ཀྱི་ས་ཕྱོགས་གཞན་དུ་ཕེབས་ན་ཡང་ཨཱ་ཙརྱ་གཅིག་གནས་དེ་གར་མུ་མཐུད་བཞུགས་ནས་ས་གནས་དེ་གའི་བུ་མོ་ཞིག་དང་གཉེན་སྡེབ་ཀྱིས་ཀླུ་མོས་རྒྱལ་ཞེས་པའི་མི་ཚང་དེ་ཐོག་མར་ཆགས་ཞིང་། རྗེས་སུ་མི་རྒྱུད་ཕྱི་མ་རྣམས་སུ་རིམ་བཞིན་གནས་དེར་ཀླུ་རྒྱལ་ཤར་ནུབ་ཅེས་མི་ཚང་ཐེམ་པ་གཉིས་ཆགས་ཞེས་གྲགས ། དེས་ན་ཀླུ་རྒྱལ་ཤར་ནུབ་གཉིས་ཀྱི་ཐོག་མའི་མི་རྒྱུད་ནི་རྒྱ་གར་གྱི་རྟོགས་ལྡན་དཔའ་བོ་འཇིགས་པའི་མི་རྒྱུད་ཡིན་ཟེར་སྐད་དང་། ད་དུང་རྒྱ་གར་ཨཱ་ཙརྱ་དེའི་གཅོད་གཏོང་བའི་ཡོ་ཆས་ཌ་རུ་དང་དྲིལ་བུ་དེ་ནི་སློབ་དཔོན་པད་མས་གཏེར་ནས་བཞེས་པ་ཡིན་པས་དེ་གཉིས་གཤིན་པོའི་འགྲམ་དུ་དཀྲོལ་ན་གཤིན་པོ་ངན་སོང་ལ་འགྲོ་མི་དགོས་པར་ཟངས་མདོག་དཔལ་གྱི་རི་ལ་སྐྱེ་ཡི་ཡོད་པའི་ཤོད་སྲོལ་ཞིག་དང་། དེ་བཞིན་སྐབས་དེར་རྒྱ་གར་ཨཱ་ཙརྱ་བདུན་གྱིས་གཅོད་གཏོང་སའི་འཕན་ཡུལ་ཀླུ་མོས་ཚལ་ཞེས་པའི་དུར་ཁྲོད་དེའི་སྟེང་གི་མིའི་མགོ་འདོགས་སའི་རྡོ་རིང་པོ་དེ་ཡང་རྒྱ་གར་བསིལ་པ་ཚལ་གྱི་དུར་ཁྲོད་ནས་འཕུར་ཡོང་བ་ཡིན་ཞེས་བརྗོད་ནས་འཕན་ཡུལ་ཀླུ་མོས་ཚལ་གྱི་དུར་ཁྲོད་དེ་བོད་ནང་གི་དུར་ཁྲོད་རྩ་ཆེན་ཞིག་ཏུ་བརྩིས་ཏེ་སྔོན་ཉང་རའི་དམ་པའི་ཆོས་མཛད་གྲོངས་རྗེས་ཉང་རའི་ནང་ནས་འཕན་པོ་སྒོ་ལ་བརྒྱབ་སྟེ་ཆེད་མངགས་དུར་ཁྲོད་དེར་བསྐྱལ་བའི་སྒྲུང་གཏམ་ཞིག་འཕན་པོའི་མི་རྣམས་ཀྱི་བཤད་རྒྱུན་དུ་ཆགས་ཡོད། དེ་ལྟར་ཀླུ་རྒྱལ་ཤར་ནུབ་གཉིས་པོ་དེ་མི་ཐོག་འགའ་ཞིག་བརྒྱུད་རྗེས་ཀླུ་རྒྱལ་ཤར་གྱི་བུ་ཞིག་རྒྱལ་གྱི་ལྷ་ཁང་ཤར་མའི་མག་པར་སྟེར་ཞིང་སྐབས་དེར་སྐུ་སྐལ་གྱི་གྲས་སུ་ཁོང་རང་གི་ཕ་མེས་སྔོན་རྟོགས་ལྡན་དཔའ་བོ་འཇིགས་པའི་རྒྱུད་པ་ཡིན་ཞེས་པའི་རྒྱ་གར་ཨཱ་ཙརྱ་དེའི་གཅོད་གཏོང་བའི་ཡོ་ཆས་ཌ་རུ་ཆ་གཅིག་ཡོད་པ་དེ་ལས་ཡ་གཅིག་བསྐུར་བས་ན་དུས་དེ་ནས་བཟུང་རྒྱལ་ལྷ་ཁང་གི་ཉེ་འཁོར་ཡུལ་མི་ཚང་མས་ལྷ་ཁང་ཤར་མའི་མག་པ་དེ་ནི་རྒྱ་གར་གྱི་རྟོགས་ལྡན་དཔའ་བོ་འཇིགས་པའི་རྒྱུད་པ་ཡིན་པ་མ་ཟད་སྔར་རྒྱ་གར་ཨྰ་ཙརྱ་དེས་སྤྱོད་མྱོང་བའི་ཌ་རུ་དེ་ཡང་ཡོད་པས་ལུང་པའི་ནང་མི་གྲོངས་སྐབས་གཤིན་པོ་དེ་ཉིད་ངན་སོང་ལ་མ་ལྷུང་པར་ཟངས་མདོག་དཔལ་གྱི་རི་ལ་སྐྱེ་བའི་ཕྱིར་མག་པ་དེ་དུར་ཁྲོད་སྒང་དུ་ཌ་རུ་དཀྲོལ་པར་ཕེབས་རྒྱུར་གདན་འདྲེན་ཞུ་ཡི་ཡོད། ལུགས་སྲོལ་དེ་ཉིད་མི་ཐོག་མང་པོར་རྒྱུན་འཇགས་པ་མ་ཟད་དུས་ཚོད་གང་ཙམ་ནས་ལྷ་ཁང་ཤར་མའི་བུ་ཞིག་ལྷ་ཁང་ནུབ་མར་མག་པར་སྟེར་བས་ལྷ་ཁང་ཤར་ནུབ་གཉིས་ཀ་རྟོགས་ལྡན་དཔའ་བོ་འཇིགས་པའི་རྒྱུད་པ་ཡིན་ཞེས་བརྗོད་ནས་ལུང་པའི་ནང་མི་གྲོངས་རྗེས་དེའི་སྟོབས་ལྡན་ནམ་ཡང་ན་ཌ་རུ་དཀྲོལ་མཁན་མི་རེ་ལྷ་ཁང་ཤར་ནུབ་གཉིས་ནས་ཕ་བུ་གང་རུང་ཞིག་མི་ཐོག་ནས་མི་ཐོག་བར་འགྲོ་སྲོལ་ཡོད་པ་ལྟར། ཐེངས་ཤིག་ལུང་པའི་ནང་མི་ཞིག་གྲོངས་པས་ཨ་ཁུའི་པཱ་ལགས་ཀྱིས་ཨ་ཁུ་ཌ་རུ་དཀྲོལ་བ་དང་ཆབས་ཅིག་སྟོབས་ལྡན་དུ་འགྲོ་དགོས་པའི་ཚ་འདེད་ཤུགས་ཆེ་བཏང་བས་ན་དེ་ཉིན་ཨ་ཁུ་མ་འགྲོ་ཀ་མེད་དུ་གྱུར། ཉིན་དེའི་དགོང་མོ་ཁྱིམ་དུ་སླེབས་རྗེས་ཨ་ཁུས་ཐོག་ཁའི་ལྷ་གཙུག་གི་རྩེར་འཛེགས་ཏེ་པ་ཕས་དེ་རིང་ནས་བཟུང་ང་སྟོབས་ལྡན་དུ་མི་གཏོང་བའི་ཁས་ལེན་གྱིས་མནའ་སྐྱེལ་དམ་བཅའ་མ་བཞག་ན། ང་ཐོག་ཁ་ནས་མཆོང་སྟེ་ཤི་ཐག་གཅོད་ཡིན་ཞེས་ལུང་པའི་མི་ཐམས་ཅད་ཀྱིས་གོ་དགོས་པའི་སྐད་འབོད་བརྒྱབ་པས། པ་ཕ་ནི་བུས་ཐོག་ཁ་ནས་མཆོང་མི་ཡོང་ངམ་སྙམ་པའི་དངངས་སྐྲག་གིས་ལམ་སེང་དེ་རིང་ནས་བཟུང་བུ་སྟོབས་ལྡན་ལ་མི་གཏོང་བའི་མནའ་སྐྱེལ་དམ་བཅའ་འཇོག་དགོས་བྱུང་། དུས་དེ་ནས་བཟུང་ཨ་ཁུ་སྟོབས་ལྡན་ལ་འགྲོ་མི་དགོས་པ་བྱུང་བ་ཡིན། (འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ་དེང་སྐབས་མི་ཤི་བའི་རྗེས་ཕུང་པོ་དུར་ཁྲོད་དུ་བསྐྱལ་ཏེ་བྱ་གཏོར་བྱེད་མཁན་རྣམས་ལ་རྟོགས་ལྡན་དང་། སྟོབས་ལྡན་ཞེས་འབྲི་སྲོལ་ཁག་གཉིས་ཡོད་པ་དེར་ཐད་ཀར་འདི་ནོར་འདི་འགྲིག་ཅེས་བརྗོད་དཀའ་ཡང་། ཐ་སྙད་དེ་གཉིས་ལ་རིགས་པའི་ལམ་ནས་དཔྱད་ཞིབ་བྱེད་སྐབས་དང་པོ་རྟོགས་ལྡན་ཞེས་འབྲི་དགོས་དོན་ནི་ཕུང་པོ་བྱ་གཏོར་བྱེད་མཁན་གྱི་མི་དེ་རྟེན་དགེ་སློང་ངམ་རྣལ་འབྱོར་བ་ཡིན་ཞིང་། སྒོམ་སྒྲུབ་ཉམས་ལེན་གྱི་བྱ་བར་ཞུགས་ཏེ་རྟོགས་པ་གང་ཙམ་ཡོད་པ་མ་ཟད་ད་དུང་དུར་ཁྲོད་བརྒྱ་དང་བརྒྱད། ཆུ་མིག་བརྒྱ་དང་བརྒྱད་ལ་གཅོད་ཀྱི་ཉམས་ལེན་དུ་ཞུགས་མྱོང་བ་སོགས་གཤིན་པོ་ཡར་འདྲེན་གྱི་ནུས་པ་གང་ཙམ་ཡོད་པའི་མི་དེ་འདྲ་ལ་རྟོགས་ལྡན་ཞེས་བརྗོད་ཆོག་པ་དང་། གཉིས་པ་སྟོབས་ལྡན་ཞེས་འབྲི་དགོས་དོན་ནི་ཕུང་པོ་བྱ་གཏོར་བྱེད་མཁན་གྱི་མི་དེར་གོང་ཞུས་ལྟར་གྱི་རྟོགས་པ་ཞིག་མེད་ན་ཡང་སྔར་གྱི་དུས་སུ་དེང་སྐབས་ལྟར་གྱི་འགྲིམ་འགྲུལ་སྟབས་བདེ་མེད་པས་མི་ཤི་བའི་རྗེས་ཕུང་པོ་དུར་ཁྲོད་ལ་འདྲེན་སྐབས་མང་ཆེ་བ་མིའི་སྒལ་པར་འདྲེན་དགོས་པ་མ་ཟད་མི་ཤི་བའི་ཕུང་པོ་དེ་ཧ་ཅང་གི་ལྗིད་པོ་ཞིག་ཡོད་པས་དེ་འགྱོགས་མཁན་གྱི་མི་དེ་ནི་སྟོབས་དང་ལྡན་པ་ཞིག་དགོས་པ་དང་། དེ་བཞིན་མི་ཤི་བའི་རྗེས་མིའི་ཕུང་པོར་མི་མང་པོ་ཞིག་གིས་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ཕུང་པོ་བྱ་གཏོར་བྱེད་མཁན་གྱི་མི་དེ་ཚོས་ཕུང་པོར་ཞེད་སྣང་སྤུ་ཙམ་ཡང་བྱེད་ཀྱི་མེད་པས་མི་དེ་ནི་གཞན་དང་མི་འདྲ་བའི་བློ་སྟོབས་ཆེ་བ་སོགས་རྒྱུ་མཚན་དེ་དག་ལ་བརྟེན་ནས་སྟོབས་ལྡན་ཞེས་བརྗོད་པ་ཡིན་པས་དེང་སྐབས་ཕུང་པོ་བྱ་གཏོར་བྱེད་མཁན་གྱི་ཁྲོད་དུ་གོང་ཞུས་ལྟར་གྱི་རྟོགས་པ་ལྡན་པའི་མི་དེ་འདྲ་ཡོད་ན་རྟོགས་ལྡན་ཞེས་བྲིས་ཆོག་ཀྱང་སྙིགས་མའི་དུས་འདིར་མི་སྣ་དེ་འདྲ་ཅུང་ཟད་དཀོན་པས་སླད་ང་ཚོས་སྟོབས་ལྡན་ཞེས་བྲིས་ན་ཅུང་ཙམ་དོན་དང་འཚམས་པ་མིན་ནམ་སྙམ་པ་དེ་ནི་རང་ཉིད་ཀྱི་ལྟ་ཚུལ་ཙམ་མོ།) དེ་ལྟ་བུའི་སྤྱང་གྲུང་ལྡན་ལ་དྲན་རྒྱུ་རྒོད་པའི་ཨ་ཁུ་བློ་བཟང་ཚེ་རིང་དེ་ཉིད་འཕན་ཡུལ་ལས་བརྒལ་ཏེ་ལྷ་ས་སོགས་ཡུལ་ལུང་གཞན་དུ་སྙན་གྲགས་ཇི་ལྟར་ཁྱབ་བམ་ཞེ་ན། དང་ཐོག་ཁོང་ཆུང་ངུའི་དུས་རྒྱལ་ལྷ་ཁང་གི་ཤར་ཕྱོགས་སུ་ཡོད་པའི་པ་ཚབ་ན་ཁའི་དཀྱིལ་དུ་ཕྱུགས་མ་འཚོ་བཞིན་པའི་སྐབས་ཁོང་ཚོ་ཕྱུགས་མ་འཚོ་མཁན་གྱི་གྲས་ནས་ཕྲུ་གུ་གཟུགས་ཅུང་ཆེ་བ་ཞིག་ཡོད་པ་དེར་དངུལ་ཞོ་གང་ཞིག་རྙེད་པས། དེ་ཡོད་ཕྲུ་གུ་ཚང་མས་དངུལ་དེ་ང་ཚོས་ཡང་རིག་བྱུང་བས་ངེད་ཚོ་ཚང་མའི་དངུལ་ཡིན་ཞེས་ཁོང་ཚོ་ཚང་མ་དངུལ་དེའི་དོན་དུ་རྩོད་པ་ཆེན་པོ་བྱུང་། དེས་ན་བུ་བློ་བཟང་ཚེ་རིང་གིས་འདུམ་བརྒྱབ་པའི་ཁུལ་གྱིས་ངེད་ཚོ་དེ་ལྟར་རྩོད་པ་བརྒྱབ་ནས་བསྡད་ན་ཉིན་གང་ཐག་ཆོད་པ་མི་འདུག དེ་ལས་ང་ལ་ཐབས་ཤེས་ཤིག་ཡོད་ཅེས་བརྗོད་པས་ཕྲུ་གུ་ཚང་མས་ཁྱོད་ཀྱི་ཐབས་ཤེས་དེ་གང་ཡིན་ཞེས་བརྗོད། བུ་བློ་བཟང་ཚེ་རིང་ན་རེ་ངས་དངུལ་ཞོ་གང་འདི་ས་ཆ་ཐག་རིང་ཞིག་ལ་ས་འབུར་ཞིག་གི་སྟེང་དུ་བཙུགས་ཆོག དེ་ནས་ང་ཚོ་སུ་མགྱོགས་ཀྱིས་འགྲན་སྡུར་བྱས་ནས་སུ་ལ་དངུལ་དེ་ཐོབ་ན་ཡང་དངུལ་དེ་ལ་བདག་པ་ཡིན་ཞེས་བཤད་པས་དངུལ་ཐོག་མར་སྒྲུག་མཁན་དེའི་སེམས་ནང་རྒྱུག་ཤར་འགྲན་ན་ང་རང་གཟུགས་སྟོབས་ཆེ་བས་ང་ལ་ཐོབ་རྒྱུ་ཉག་གཅིག་ཡིན་སྙམ་སྟེ་ལམ་སེང་མོས་མཐུན་བྱས་པས། ཕྲུ་གུ་གཞན་རྣམས་ཀྱིས་ཀྱང་མོས་མཐུན་བྱས། དེས་ན་བུ་བློ་བཟང་ཚེ་རིང་གིས་ས་ཆ་ཐག་རིང་ཞིག་ཏུ་ཕྱིན་ཏེ་ས་འབུར་ཞིག་བཟོས་ནས་ཁོང་ཚོ་མི་སུས་ཀྱང་མ་མཐོང་པ་བྱས་ཏེ་ས་འབུར་དེའི་སྟེང་དུ་བཙོག་པ་ཆེན་པོ་ཞིག་བཏང་ནས་དེའི་སྟེང་ས་ཕྲན་བུ་གཡོགས་ཐོག་དངུལ་ཞོ་གང་དེ་དེར་བཙུགས་ནས་བཞག དེ་ནས་ཁོང་ཚོ་རྒྱུག་ཤར་གློད་སྐབས་དངུལ་ཐོག་མར་རྙེད་མཁན་གྱི་ཕྲུ་གུ་དེ་ཅུང་ཞིག་མགྱོགས་པ་བྱུང་བས་ཁོང་གིས་དངུལ་དེར་སྦར་སྙོབ་ཅིག་བརྒྱབ་པས་ན་ལག་པར་བཙོག་པ་འགོས་ཏེ། འང་། ཞེས་སྐྱུག་བྲོ་དང་བཅས་དངུལ་དེ་ནམ་མཁར་གཏོར་བས་བུ་བློ་བཟང་ཚེ་རིང་ནི་སྔོན་ནས་གྲ་སྒྲིག་ཡོད་པར་བརྟེན་དངུལ་གང་དུ་གཟག་མིན་ལ་དོ་སྣང་ཆེན་པོ་བྱས་ཏེ་དངུལ་ཞོ་གང་དེ་སྔོན་དང་པོར་བུ་བློ་བཟང་ཚེ་རིང་ལ་རྙེད་པས་ཕྲུ་གུ་གཞན་རྣམས་ནི་ཅི་ཤོད་འདི་ཤོད་མེད་པར་གྱུར། སྐབས་དེར་བོད་ཀྱི་མཐོ་རིམ་སྐུ་དྲག་བཀའ་ཤོད་ཆོས་རྒྱལ་ཉི་མ་འཕན་ཡུལ་པ་ཚབ་དགོན་དུ་པ་ཚབ་ཉི་མ་གྲགས་པའི་གདུང་རྟེན་བཞུགས་པའི་མཆོད་རྟེན་ལ་སྐོར་བ་གསོག་པར་ཕེབས་ཡོད་ཅིང་། ཁོང་གི་སྐུ་འཁོར་མི་སྣ་དང་བཅས་པ་ཞོགས་པ་མཆོད་རྟེན་ལ་སྐོར་བ་ལོ་གྲངས་བསགས་ཏེ་ཉིན་གུང་ཙམ་ནས་པ་ཚབ་ན་གའི་སྟེང་དུ་སྤྲོ་སྐྱིད་བཏང་ནས་བཞུགས་རིང་ཕྲུ་གུ་དེ་དག་གི་ཁྲོད་ནས་བུ་བློ་བཟང་ཚེ་རིང་ནི་དྲན་རྒྱུ་ཤིན་ཏུ་རྒོད་པའི་མི་སྣ་བློ་རིག་དང་ལྡན་པ་ཞིག་ཏུ་མཐོང་ཞིང་། ལྷག་དོན་དངུལ་ཞོ་གང་དེ་རང་ཉིད་ལ་ཐོབ་ཕྱིར་དྲན་རྒྱུ་རྒོད་པོ་དེ་ལྟར་བྱས་པ་སོགས་དགོན་པར་ཉིན་ཤས་བཞུགས་རིང་བུ་བློ་བཟང་ཚེ་རིང་གི་བྱ་བྱེད་མང་པོ་ཞིག་ལ་དམིགས་བསལ་གྱི་དོ་སྣང་དང་། ཡ་མཚན་ཆེན་པོ་བྱུང་སྟེ་ཉིན་ཞིག་བུ་བློ་བཟང་ཚེ་རིང་ཚུར་སྐད་བཏང་ནས་ཕ་མའི་མིང་དང་། རང་མིང་། ལུང་པ་སོགས་བཀའ་འདྲི་ཞིབ་ཕྲ་ཞུས་པ་མ་ཟད་ཁྱེད་ཀྱི་དཔོན་ཁུངས་སུ་ཡིན་ཞེས་སྐད་ཆ་དྲིས་པར་སྐབས་དེར་ལྷ་ཁང་ཤར་ནུབ་གཉིས་ནི་གཞུང་རྒྱུག་གི་ཁོངས་ཡིན་པ་ལྟར་བུ་བློ་བཟང་ཚེ་རིང་གིས་ངའི་དཔོན་ཁུངས་སྡེ་པ་གཞུང་ཡིན་ཞེས་ཞུས། དེ་ནས་ཟླ་ཤས་སོང་བའི་རྗེས་བཀའ་ཤོད་ཆོས་རྒྱལ་ཉི་མས་འཕན་ཡུལ་ཟ་དམ་རྫོང་ལ་ཕྱག་བྲིས་ཤིག་བཏང་སྟེ་རྒྱལ་གྱི་ལྷ་ཁང་ཤར་མའི་བུ་བློ་བཟང་ཚེ་རིང་བཀའ་ཤོད་པའི་གཟིམས་ཤག་ཏུ་གཏོང་དགོས་པའི་བཀའ་ཕེབས་པ་ལྟར་ལྷ་སའི་བཀའ་ཤོད་པའི་གཟིམས་ཤག་ཏུ་འབྱོར། བཀའ་ཤོད་པའི་གཟིམས་ཤག་ལ་སྡོད་རིང་ལྷ་སའི་སྐུ་དྲག་ཁག་གི་ཐུགས་སྤྲོ་དང་། གླིང་ཁ། ཆང་ས་སོགས་གང་སར་བཀའ་ཤོད་པའི་ཕྱག་རོགས་ཞུས་ཏེ་ཕེབས་དགོས་ཀྱི་ཡོད་ཅིང་སྐབས་དེར་ཁོང་གིས་གསུང་སྐད་སྙན་པའི་རྣམ་ཐར་དང་། གླུ་དབྱངས། དེ་བཞིན་དགོད་བྲོ་བའི་གཏམ་དང་བྱ་སྤྱོད་དེ་ཚོས་ལྷ་སའི་སྐུ་དྲག་གི་ཁྲོད་དུ་མཚན་སྙན་གང་སར་ཁྱབ་པ་མ་ཟད། ལྷག་དོན་ཨ་ཁུ་བློ་བཟང་ཚེ་རིང་ངོ་ཤེས་པའི་མི་རྣམས་ཀྱིས་རྒྱ་ལམ་སོགས་གནས་གང་ཞིག་ནས་ཨ་ཁུ་དང་ཐུག་ན་བགད་མོ་མི་ཤོར་མཁན་གྱི་མི་ཧ་ལམ་མེད་པ་ལྟ་བུར་གྱུར། དཔེར་ན་ཐེངས་ཤིག་ར་སྒ་ཤར་གྱི་པཱ་ལགས་ནས་སྐུ་དྲག་འདུ་འཛོམས་ཤིག་གི་ཁྲོད་དུ་གཏམ་སྙན་པོ་ཞིག་འཕྲལ་རྩོམ་ཞུ་དགོས་པའི་རེ་བ་བཏོན་པས། སྐབས་དེར་གཟིམས་ཤག་ཕ་ལྷ་གོ་གནས་ཤོར་ཏེ་དེའི་ཚབ་ཏུ་རྡོ་རིང་བསྐོས་པའི་གནས་ཚུལ་ཞིག་གང་སར་གླེང་བཞིན་ཡོད་པས་ཨ་ཁུས་དེ་མུར། སྐད་གསེང་མཐོན་པོས། ཕ་ལྷ་ཕབ་ནས་རྡོ་རིང་ཡར་ལ་འཕར། །ཕག་ཤ་རློན་པ་རྡོས་བརྡུང་བས། །དེང་སང་རྡོ་ལ་འགྲན་ཟླ་མི་འདུག།ཨ་ཅག་བ་ཧད། ཧད། ཅེས་བརྗོད་པས་ཨ་ཁུའི་འཕྲལ་རྩོམ་དེར་དེ་ཡོད་མི་རྣམས་ངོ་མཚར་ཆེན་པོ་བྱུང་། ཡང་ཐེངས་ཤིག་གཟིམས་ཤག་ལྷ་སྡིངས་པའི་ལྕམ་གྱིས་སྐུ་དྲག་གཞན་དང་འགབ་མཐུན་བྱས་པའི་དོགས་གཞིའི་འོག་ལྷ་སྡིངས་པས་ལྕམ་ལ་ཉེས་བརྡུང་བཏང་བས་ན་ལྕམ་གྱིས་རང་ཁྱིམ་དུ་ལོག་སྟེ་གཟིམས་ཤག་ལྷ་སྡིངས་པ་ཁྱིམ་དུ་གཅིག་པུར་ལུས་པ་མ་ཟད་སྐུ་དྲག་གཞན་དེ་དང་ཁ་མཆུ་ཡང་ཐུག དེ་འདྲའི་ཛ་དྲག་གི་སྐབས་དེར་བཀའ་ཤོད་ཆོས་རྒྱལ་ཉི་མས་ཨ་ཁུར་ཁྱེད་ཀྱིས་གཟིམས་ཤག་ལྷ་སྡིངས་པར་རོགས་རམ་བྱེད་ཐབས་ཤིག་བསམ་བློ་བཏང་ནས་ཁོང་གཉིས་བཟའ་ཚང་ཁ་བྲལ་དུ་མི་འགྲོ་བ་དང་། ཁ་མཆུ་ཡང་བརྒྱབ་མི་དགོས་པ་ཞིག་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་བ་འདུག་ཅེས་གསུངས་པས། ཨ་ཁུས་ཉིན་ཤས་སོང་བའི་རྗེས་གཟིམས་ཤག་ལྷ་སྡིངས་པ་དང་ཁོང་གི་ལྕམ་གཉིས་ཀས་ནམ་རྒྱུན་བརྩི་བཀུར་དང་། ཞེད་སྣང་ཆེ་ཤོས་བྱེད་སའི་བཀའ་བློན་དེའི་ཆས་ཆ་ཚང་ཞིག་གྲ་སྒྲིག་བྱས་ཏེ་མི་ཞིག་ཆེད་མངགས་ལྷ་སྡིངས་པའི་ཁྱིམ་དུ་བཏང་ནས་སང་ཉིན་བཀའ་བློན་མཆོག་ཁྱེད་ཚོའི་གཟིམས་ཤག་ཏུ་ཕེབས་རྒྱུ་ཡིན་པས་ལྕམ་དང་སྐུ་ངོ་ལྷན་རྒྱས་སྒུག་བཞུགས་རོགས་གསུང་གི་འདུག་ཅེས་ལན་བསྐྱལ། སང་ཉིན་དེར་གཟིམས་ཤག་ལྷ་སྡིངས་པ་ནི་ཞོགས་པ་སྔ་པོ་ནས་ལྕམ་འབོད་པར་སོང་སྟེ་ཁོང་གཉིས་བཟའ་ཚོ་གཉིས་མ་འཆམ་འཆམ་མདོག་གིས་བཀའ་བློན་ཕེབས་སྒུག་ཞུས་ནས་བསྡད་ཡོད་པས། ཉིན་གུང་ཕྱི་ཡོལ་ཙམ་ལ་ཨ་ཁུས་བཀའ་བློན་གྱི་ཆས་ཆ་ཚང་ཞིག་སྤྲས་ནས་སྤྱན་ཤེལ་མཆོད་ཅིང་ཁ་དཀྲིས་དཀྲིས་ཏེ་གོམ་པའི་འདེགས་འཇོག་དང་། སྐད་གདངས་སོགས་གང་སར་བཀའ་བློན་དང་དབྱེར་མ་མཆིས་པ་ཞིག་བྱས་ནས་གཟིམས་ཤག་ལྷ་སྡིངས་སུ་སོང་། གཟིམས་ཤག་ལྷ་སྡིངས་བཟའ་ཚོ་གཉིས་ནི་ཞེད་སྣང་དང་དངངས་སྐྲག་གིས་བཀའ་བློན་སྐུ་ངོ་མ་ཡིན་ཤག་ལས་ཁོང་ལ་མིག་བལྟ་ཙམ་ཡང་བྱེད་མི་ནུས་པར་གཟིམས་ཆུང་ནང་གདན་དྲངས་ཏེ་གསོལ་ཇ་ཕུལ། དེ་ནས་དུས་ཚོད་གང་ཙམ་སོང་རྗེས་ཨ་ཁུས་ཁོང་བཟའ་ཚོ་གཉིས་གཟིམས་ཆུང་དུ་འབོད་ནས་ཁྱེད་གཉིས་ཉེ་ཆར་དོན་མེད་ཀྱི་དོགས་པ་ཆུང་ཆུང་ཞིག་ལ་བརྟེན་ནས་ཁ་མཆུ་རྒྱག་རྩིས་བྱེད་ཀྱི་ཡོད་པ་འདྲ། དེ་རིང་སྔོན་ལ་ཁྱེད་གཉིས་སོ་སོས་གནས་ཚུལ་དེའི་འབྱུང་རྐྱེན་རྣམས་ང་ལ་གསལ་པོ་ཞིག་ཤོད་དང་། ངས་ཁ་མཆུ་རྒྱག་དགོས་པའི་ཚད་ལ་སླེབས་ཡོད་མིན་བལྟས་ཆོག་ཅེས་གསུངས་པར། གཟིམས་ཤག་ལྷ་སྡིངས་པས་ནི་ལྕམ་གྱིས་སྐུ་དྲག་གཞན་དང་འགབ་མཐུན་བྱས་པའི་གནས་ཚུལ་དེ་རང་གིས་དོགས་པ་ཙམ་དང་། མིའི་ཟེར་སྒྲོས་ཙམ་ལས་མིག་མཐོང་ལག་ཟིན་གྱི་བདེན་དཔང་ཐུབ་པའི་ཁུངས་སྐྱེལ་རྒྱུ་མེད་ལ། ལྕམ་སྐུ་ཞབས་ཀྱིས་ངས་ལས་རྒྱུ་འབྲས་མེད་པའི་ལས་ཀ་གཏན་ནས་བྱ་རྒྱུ་མ་བྱུང་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱེད་ཀྱི་ཡོད་པས། ཨ་ཁུས་སྐད་ཤུགས་ཀྱང་ཅུང་ཟད་ཆེ་རུ་བཏང་སྟེ་ཁྱེད་གཉིས་བར་གྱི་གནས་ཚུལ་དེ་ནི་ཁུངས་ལུང་མེད་པའི་དོགས་པར་བརྟེན་ནས་སྔོ་ལོའི་རྒྱལ་མཚན་ཕྱི་ལ་འཕྱར་བ་ཞིག་ལས་གཞན་གྱི་རྒྱུ་མཚན་གང་ཡང་མི་འདུག་པས་སྐད་ཆ་མང་ནས་ཕན་ཐོགས་མི་འདུག དེ་ལས་ད་ནི་དུས་ཚོད་ཀྱང་ཕྱི་པོ་ཆགས་འདུག་པས་ཁྱེད་གཉིས་ལག་གདང་འབྲེལ་ཏེ་ཉལ་ཁང་དུ་སོང་ནས་མཉམ་དུ་ཉལ་ཏེ་ངས་རིག་ས་དེ་གར་དོགས་པ་རྣམས་སེལ་དགོས་ཞེས་གསུངས་པས་ཁོང་གཉིས་ནི་བཀའ་བློན་གྱི་བཀའ་བཞིན་མ་ཞུ་ཀ་མེད་དུ་གྱུར། དུས་དེ་ནས་བཟུང་ཁོ་གཉིས་བཟའ་ཚོ་གཉིས་འཆམ་མཐུན་བྱུང་བ་མ་ཟད་ཁ་མཆུ་ཡང་རྒྱག་མི་དགོས་པ་བྱུང་ངོ་། །ཨ་ཁུ་ལྷ་སར་ལོ་ཤས་བཞུགས་རིང་བོད་ཀྱི་ལྷ་མོའི་གཞུང་དང་། རྣམ་ཐར་མཁས་ཅན་གཟིམས་ཤག་སྨོན་གྲུབ་སྦུག་པའི་པཱ་ཐུབ་བསྟན་རྒྱལ་པོ་ལགས་ཀྱི་སྐུ་མདུན་ནས་ལྷ་མོའི་འཁྲབ་གཞུང་བརྒྱད་པོ་ཆ་ཚང་ཞིག་དམར་ཁྲིད་ཀྱི་གོ་སྐབས་ཐོབ་སྟེ་རྣམ་ཐར་གྱི་མགྲིན་འགུག་དང་། འཁྲབ་རྩལ་སོགས་གང་སར་ཡར་རྒྱས་ཆེན་པོ་ཕྱིན་པ་མ་ཟད་ལྷ་མོའི་འཁྲབ་གཞུང་བརྒྱད་པོ་ཆ་ཚང་ཁོང་དུ་ཆུད་ཅིང་། ལྷག་དོན་སྲས་དད་པ་བརྟན་པ་ཞེས་པའི་ལྷ་མོའི་འཁྲབ་གཞུང་དེ་ནི་རྨེ་རུ་སྤོང་བསངས་ཞེས་རྨེ་རུའི་སྐུ་ཞབས་ཀྱིས་ལོ་འཁོར་བཅུ་གཉིས་ལ་ཐེངས་རེ་ལས་འཁྲབ་སྲོལ་མེད་པའི་དམིགས་བསལ་ཅན་གྱི་ལྷ་མོའི་གཞུང་དེ་ཡང་བྱང་ཆུབ་པར་གྱུར་ནས་སྐབས་དེར་ལྷ་མོའི་འཁྲབ་གཞུང་དང་། རྣམ་ཐར་གྱི་མགྲིན་འགུག་ཐད་སུས་ཀྱང་འགྲན་ཟླ་མེད་པ་ཞིག་ཏུ་གྱུར་ཡོད། ད་དུང་ཁོང་གིས་རྟ་བཅོས་སྨན་པ་གྲགས་ཅན་འགའི་དྲུང་ནས་སློབ་སྦྱོང་དང་། རང་ཉིད་ཆུང་དུས་ནས་རྟ་བོང་དང་མཉམ་དུ་འཚར་ལོངས་བྱུང་བའི་མྱོང་བ། ད་དུང་རང་ཉིད་ཀྱི་བློ་རིག་བཀྲ་བའི་ལྷན་སྐྱེས་ཀྱི་རིག་པ་བཅས་ལ་བརྟེན་ནས་ཕྱུགས་ཟོག་ལ་སྨན་བཅོས་བྱེད་པའི་ལག་རྩལ་ཧ་ཅང་མཐོ་པོ་ཡོད་པ་མ་ཟད། ལྷག་དོན་རྟ་བཅོས་ཀྱི་ལག་རྩལ་ཐད་ཤིན་ཏུ་བྱང་ཆུབ་པའི་མི་སྣ་གྲགས་ཅན་ཞིག་ཡིན་པ་ནི། རྟ་ནད་ཐམས་ཅད་རྒྱུག་ནད་ཡིན་ཞེས་པའི་དཔེ་ལྟར་རྟ་པོ་རྒྱུག་དྲགས་ནས་གློ་བུར་ནད་ཀྱིས་མནར་བའི་སྐབས་དང་། ཡང་ན་རྟ་འགའ་ཞིག་ལ་གློ་གཅོང་གི་ནད་ཕོག་སྟེ་གཡོག་བྱེད་དང་སྨན་བཅོས་གང་ཞིག་བྱས་ན་ཡང་དྲག་སྐྱེད་མ་ཐུབ་པར་ཤ་སྐམ་ཞིང་ནད་གཅོང་དུ་གྱུར་སྐབས། གློ་རྩ་ཞེས་གློ་བའི་རྩ་ལས་ཁྲག་གཏར་བའི་ལག་རྩལ་དེ་ཉིད་མ་ཤེས་ན་རྟ་དེ་དག་གསོན་པ་སྤྱིར་བཏང་ཉུང་ཉུང་ཡིན་ལ། གློ་རྩ་ལས་ཁྲག་གཏར་བའི་ལག་རྩལ་དེ་ཡང་སྤྱིར་བཏང་གི་རྟ་བཅོས་སྨན་པས་བསྒྲུབ་མི་ཐུབ་ཅིང་ཁྲག་དེ་གཏར་བའི་སྐབས་དངངས་སྐྲག་དང་། ཞེད་སྣང་ཆེན་པོ་ཡོད་པ་ནི་གནའ་གཏམ་དུ། རྟ་ཁྲག་བྱེ་མའི་དཀྱིལ་ལ་བརྒྱབ། །བདག་པོ་ལ་མོའི་རྒྱབ་ལ་རྒྱུགས། །ཞེས་བརྗོད་སྲོལ་ཡོད་ཅིང་ཨ་ཁུ་ནི་གློ་རྩ་རྒྱག་པར་ཤིན་ཏུ་མཁས་པའི་རྟ་བཅོས་སྨན་པ་ཞིག་ཡིན་པས་འཕན་ཡུལ་སོགས་ས་ཆ་གང་སར་རྟ་བོང་ལ་གློ་རྩ་བརྒྱབ་ནས་དྲག་སྐྱེས་བྱུང་པ་ཧ་ཅང་མང་ངོ་། །དེ་ནས་ལྷ་སར་ལོ་ཤས་བཞུགས་པའི་རྗེས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་ཏེ་དེའི་རྒྱལ་ཚབ་ཏུ་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཕེབས་པས་ན། བཀའ་ཤོད་པས་རང་ཉིད་ལ་ངོ་སོ་ཞིག་ཐོབ་ཕྱིར་ཨ་ཁུ་བློ་བཟང་ཚེ་རིང་རྒྱལ་ཚབ་རྭ་སྒྲེང་གི་དམིགས་བསལ་ཞབས་ཕྱིར་ཕུལ་བ་ནས་བཟུང་རྭ་སྒྲེང་རིན་པོ་ཆེར་དབུ་ཉེས་མ་བྱུང་བར་རྭ་སྒྲེང་སྤྲོ་ཁང་དུ་སྡོད་ས་ཡང་བཀོད་སྒྲིག་གིས་རིན་པོ་ཆེ་དང་མཉམ་དུ་བཞུགས་ཤིང་རྭ་སྒྲེང་མཆོག་གི་སྤྱན་གསལ་ལྟ་བུར་གྱུར། ཨ་ཁུ་རྭ་སྒྲེང་ལ་བཞུགས་རིང་ཁོང་གི་ཕྱག་ལས་གཙོ་བོ་ནི་རྟ་བཅོས་གཙོ་བོར་གྱུར་བའི་ཕྱུགས་ཟོག་གི་སྨན་པ་གནང་རྒྱུ་དང་། དེ་བཞིན་རིན་པོ་ཆེར་ཉིན་རེའི་ཆོས་མཚམས་སོ་སོར་གླུ་གར་དང་། རྣམ་ཐར། དགོད་བྲོའི་གཏམ་གླེང་སོགས་ཀྱིས་ཞབས་ཏོག་ཞུ་རྒྱུ་དེ་ཡིན་ཞིང་། དཔེར་ན་ཐེངས་ཤིག་རྭ་སྒྲེང་རིན་པོ་ཆེའི་མཉམ་དུ་རྭ་སྒྲེང་དགོན་པའི་གླིང་སྐོར་ལ་ཕེབས་སྐབས་གླིང་སྐོར་འཁོར་མཚམས་ཀྱི་ཤར་ངོས་ཟུར་ཞིག་ཏུ་ལྟོ་གོས་གཏམ་གསུམ་ལ་དོ་སྣང་མེད་ཅིང་དམ་པའི་ཆོས་ལ་བརྩོན་པ་ཁོ་ན་གནང་སྟེ་བཞུགས་མཁན་གྱི་ཆོས་བརྒྱད་སྤངས་པའི་གྲྭ་པ་ཉམ་ཆུང་ཞིག་ཡོད་པ་དེའི་སྒོ་འགྲམ་དུ་འབྱོར་སྐབས་རིན་པོ་ཆེས་ཨ་ཁུར་གྲྭ་བ་བཙུན་པོ་དེ་ལ་བཤད་པ་ཞིག་བརྒྱབ་དང་གསུངས་པར་ཨ་ཁུས་ལམ་སེང་། ཀ་བ་མེད་པའི་རང་ཤོང་ལྕམ་གང་གི་ནང་དུ། །ཁ་གང་སྐར་མའི་ནོར་རྫས་ཕྲན་བུ་དེར་བལྟ་སྐབས། །གའུ་འབྲས་གཞོང་བརྩིས་ན་ཞོ་གསུམ་ལས་མེད་པས། །ང་ལ་རྐུན་མའི་ཉེན་ཁ་མི་འདུག་དགའ་བ་ལ་གཟིགས་དང་། །ཞེས་གསུངས་པས་རིན་པོ་ཆེ་ནི་ཨ་ཁུའི་འཕྲལ་རྩོམ་གྱི་ཀ་བཤད་དེར་ཐུགས་ཧ་ཅང་གི་མཉེས་པོ་བྱུང་། ཡང་ཐེངས་ཤིག་ཨ་ཁུ་དང་རིན་པོ་ཆེ་གཉིས་ཆིབས་རྟ་རེ་ཆིབས་ནས་སྐུ་འཁོར་ལྷན་རྒྱས་དང་བཅས་པ་འཕན་པོ་སྒོ་ལ་བརྒྱུད་ལྷ་སར་ཕེབས་སྐབས་གློ་བུར་དུ་རིན་པོ་ཆེ་རྟ་ལས་ལྷུང་པས་རིན་པོ་ཆེས་ཡར་བཞེངས་གྲུབ་རྗེས་ཨ་ཁུར་ཁྱོད་ཀྱིས་ང་རྟ་ལས་ལྷུང་པ་དེར་བཤད་པ་ཞིག་བརྒྱབ་དང་གསུངས་པར་ཨ་ཁུས་དེ་མུར། ཆོས་གོས་སེར་པོ་ས་ལ་ལྷུང་ནས། །ཤཱཀྱའི་རྒྱལ་མཚན་གནམ་ལ་གཟེངས་སོང་། །ཞེས་བླ་མ་རྟ་ཐོག་ནས་ལྷུང་སྐབས་ཤམ་ཐབས་གནམ་ལ་གཟེངས་པའི་ཁྱད་ཆོས་ལ་བརྟེན་ནས་འཕྲལ་རྩོམ་གནང་བས་རིན་པོ་ཆེ་སོགས་སྐུ་འཁོར་རྣམས་ནི་བགད་མོས་འཁྱུག་ཙམ་རིང་རྟ་ཡང་བཞོན་མ་ཐུབ་པར་གྱུར། དེ་ལྟར་ཨ་ཁུའི་འགྱུར་ཁུག་སྙན་པའི་རྣམ་ཐར་དང་། དྲན་རྒྱུ་རྒོད་པའི་བློ་རྩལ་དེ་དག་གིས་རྭ་སྒྲེང་རིན་པོ་ཆེ་སྐུ་འཁོར་དང་བཅས་པའི་ཡིད་དབང་རབ་ཏུ་འཕྲོག་སྟེ་འཕན་ཡུལ་གྱི་ཨ་ཁུ་སྟོན་པ་ཞེས་པའི་མཚན་སྙན་དེ་ཡང་དེ་བས་ཀྱང་ཡོངས་གྲགས་སུ་གྱུར་རོ། །ཨ་ཁུ་རྭ་སྒྲེང་དུ་བཞུགས་རིང་ཡུལ་དེ་གའི་འབྲོག་མོ་ཞིག་དང་འགབ་མཐུན་བྱུང་བའི་སྐོར་དེ་ཕྱིས་སུ་ཨ་ཁུས་ཀ་བཤད་ཅིག་གསར་རྩོམ་ཞུས་ཡོད་པ་དེའི་ཐོག་ནས་མཚོན་པར་བྱས་པ་ནི། འདི་ལྟར་ཏེ། དཀའ་ལས་ཆེ་ལ་ཡོང་རྒྱུ་དཀོན་པའི་ཨ་ཁུ་བློ་བཟང་ཚེ་རིང་ཁོས། །ཁ་རོག་མི་སྡོད་ངོ་ཚ་བྲལ་ནས་དགོང་གཅིག་ཤུག་པའི་འོག་ལ་ཉལ། །ག་ཡོང་མེད་པའི་ཧོར་མོ་ཞིག་གིས་ཨ་ཁུ་ཡིན་པས་ཡིན་པས་ཟེར། །ང་རྒྱལ་རྩ་དད་ཤིན་ཏུ་ཆེ་བས་རང་དབང་མེད་པར་དེ་རུ་ཉལ། །ཅ་ཟིང་ཧོར་མོའི་ལྷམ་ཀྲད་དེ་གཉིས་དགོང་གཅིག་སྔས་ལ་བརྒྱབ་པས་ན། །ཆ་འཇོག་མེད་པའི་ལྷམ་ཀྲད་སྐམ་པོས་འགྲམ་པ་ཡ་གཅིག་གྲངས་མེད་སྨུར། །ཇ་ལེའི་འོག་ལ་སུག་སུག་བཏང་བས་ཉལ་གོས་ཐམས་ཅད་སྟོད་ལ་བུད། །ཉ་རྒྱས་ཟླ་བའི་འོད་ཟེར་དེ་ཚོ་ཨ་ཁུའི་རྐུབ་ལ་རབ་ཏུ་འཕྲོད། །ལྟ་བ་མཐོན་པོའི་ཤུག་པའི་འོག་ནས་པུས་མོར་ཚེར་མ་ཉིས་བརྒྱ་བཟུག །ཐ་མ་སྐུ་གསུང་ཐུགས་ལ་བཅར་དུས་ལྤགས་ཐང་འོག་ནས་རྟུག་དྲི་ཤོར། །ད་ནི་གུས་པའི་ཐང་ཆུང་དེ་ནི་ག་ཡོད་བསམ་ནས་བློ་མ་བདེ། །ན་གསོ་རྒད་པའི་རྒན་རབས་ཀུན་ལ་དེ་འདྲའི་ངོ་མཚར་ཡོང་ཨེ་མྱོང་། །ཞེས་པ་དེའོ། །དེ་རྗེས་སྤྱི་ལོ་༡༩༤༧ལོར་རྭ་སྟག་དོན་རྐྱེན་ནང་རྭ་སྒྲེང་རིན་པོ་ཆེར་དབུ་ཉེས་ཆེན་པོ་བྱུང་སྟེ་རྗེས་སུ་བླ་མའི་སྐུ་སྲོག་ཀྱང་ཤོར་བས་ན་ཨ་ཁུས་རང་གི་རྩ་བའི་བླ་མར་དེ་ལྟ་བུའི་ངན་སེམས་བཅངས་མཁན་གྱི་མི་སྣ་དེ་དག་ལ་འཁོན་འཛིན་ཆེན་པོ་ཞིག་སྐྱེས་ན་ཡང་སྐབས་དེར་རང་ལ་དབང་ཆ་དང་བྱེད་ཐབས་གཞན་གང་ཡང་མེད་པས་སེམས་ཀྱི་འཁོན་འཛིན་རྣམས་སྙན་ངག་གི་ལམ་ནས་མཚོན་པར་བྱས་ཡོད་པ་ནི། ར་བོ་བསད་པའི་སྡིག་གླར། །སྣང་ཤག་མི་དཔོན་རག་སོང་། །གནོང་དང་འགྱོད་པས་མ་བཞག །རང་ཡུལ་སྤངས་ནས་ཕྱིན་སོང་། །ཞེས་དང་ཐོག་རང་གི་ཐོབ་དང་གོ་སའི་ཆེད་དུ་བླ་མའི་སྐུ་སྲོག་བཀྲོངས་པས་རྗེས་སུ་མི་མང་གི་ལབ་གླེང་སྣ་ཚོགས་ལ་བརྟེན་ནས་བསུན་བཙིར་དང་། བློ་འགྱོད་ཆེན་པོ་བྱུང་སྟེ་རང་ཡུལ་བཞག་ནས་གཞན་ཡུལ་དུ་གྱར་དགོས་བྱུང་པའི་གནས་ཚུལ་དེ་དག་སྙན་རྩོམ་ཤློ་ཀ་དེ་ལས་མཚོན་པར་བྱས་པ་དང་། དེ་བཞིན་ཕྱག་དཔེ་གནས་བརྟན་ཕྱག་མཆོད་ལས། ནུབ་ཀྱི་བ་ལང་སྤྱོད་གླིང་ན། །བྷྭ་ར་དྷ་ཛ་གསེར་ཅན་ནི། །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པ་བྱིན་གྱིས་རློབས། །ཞེས་པའི་ཚིག་དུམ་དེར་ཐད་ཀར་སྒྱུར་བཟོ་གནང་ནས། ནུབ་ཀྱི་རི་ཁུག་ནག་པོའི་ནང་། །ཕག་པ་གནས་རྟེན་སྒུལ་སྒུལ་ལགས། །དགྲ་བཅོམ་གྲྭ་བཞི་ལྔ་བརྒྱས་བསྐོར། །ཕྱག་གཉིས་མི་ཟན་འགན་གྱིས་འཛིན་ཕྱག་འཚལ།(མི་ཟན་འགན་ཞེས་པ་ནི་སྐབས་དེར་དབྱིན་ཇི་ནས་བཟོས་པའི་མེ་མདའ་ཞིག་གི་མིང་ཡིན།)།བླ་མའི་སྐུ་ཚེ་ཏག་ཏག་བཟོས། ། བསྟན་པ་བསྣུབ་པའི་གདོང་ནག་པོ། ། ཞེས་རྒྱལ་ཚབ་སྟག་བྲག་ལ་སྨད་པའི་རྗོད་ཚིག་དེ་འདྲ་ཞིག་ཀྱང་གསར་རྩོམ་ཞུས་ཏེ་བླ་མའི་སྐུ་སྲོག་བཀྲོངས་པའི་བྱ་སྤྱོད་ངན་པ་དེར་སེམས་གཏིང་ནས་འཁོན་འཛིན་ཆེན་པོ་ཞིག་སྐྱེས་པ་དེ་ཚིག་དུམ་དེ་ལས་མཚོན་པར་བྱས་ཡོད། རྭ་སྒྲེང་རིན་པོ་ཆེར་དབུ་ཉེས་བྱུང་བའི་རྗེས་ཨ་ཁུ་བློ་བཟང་ཚེ་རིང་དང་ཐོག་རང་ཁྱིམ་དུ་ལོག་ན་ཡང་ཁོང་ནི་ལྷ་མོའི་གཞུང་དང་། རྣམ་ཐར་སོགས་ལ་ཤིན་ཏུ་མཁས་པས་ན་རྗེས་སུ་སྐུ་དྲག་འགའ་ཞིག་གིས་འོས་སྦྱོར་བྱས་པ་བརྒྱུད་བཀའ་ཤག་སྲིད་གཞུང་ནས་ཁོང་ལྷ་སའི་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་ནང་བཅུག །སྐབས་དེར་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་དགེ་རྒན་ས་སྐྱ་བཀྲ་ཤིས་ལགས་ཞུ་བ་དེ་ཡིན་ཞིང་། ཨ་ཁུ་བློ་བཟང་ཚེ་རིང་གིས་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་ནང་རྒྱ་ལུ་རྒན་པ་སོགས་གཙོ་བོའི་མི་སྣ་མང་པོ་འཁྲབ་ཀྱི་ཡོད། དེ་དུས་ཨ་ཁུའི་འགྱུར་ཁུག་སྙན་པའི་རྣམ་ཐར་དང་། དྲན་རྒྱུ་རྒོད་པའི་ལྷན་སྐྱེས་ཀྱི་རིག་སྟོབས་དེ་དག་ལ་བརྟེན་ནས་འཕན་ཡུལ་གྱི་ཨ་ཁུ་སྟོན་པ་ཞེས་པའི་སྙན་གྲགས་དེ་གང་སར་ཁྱབ་ཡོད་པས་ན་ནམ་རྒྱུན་ལྷ་མོ་ཚོགས་པའི་ནང་དང་། སྤྱི་ཚོགས་ཐོག་དགེ་རྒན་བཀྲ་ཤིས་ལས་ཨ་ཁུ་སྟོན་པར་མཐོང་ཆེ་བ་ཡོད་པའི་ཚོར་སྣང་ཞིག་ཡོང་གི་ཡོད་པས། རྒན་བཀྲ་ཤིས་ཀྱི་སེམས་ནང་མངོན་གསལ་མེད་པའི་དངངས་སྐྲག་དང་ཞེ་སྡང་ཞིག་སླེབས་ཀྱི་ཡོད་པ་ནི་མིའི་རང་གཤིས་སུ་གྲུབ། དེས་ན་ལོ་གཅིག་འབྲས་སྤུངས་ཞོ་སྟོན་གྱི་སྐབས་སུ་ནོར་བུ་གླིང་ཁའི་ནང་གོང་ས་མཆོག་གཙོ་བོར་གྱུར་བའི་གཞུང་ཞབས་ལྷན་རྒྱས་དང་། རྒྱ་ཆེའི་གཟིགས་མོ་བ་སྟོང་ཕྲག་མང་པོ་འཛོམས་པའི་དབུས་སུ་རྒན་བཀྲ་ཤིས་ལགས་ནས་ཨ་ཁུ་ངོ་ཚ་ཁ་སྐྱེངས་ཤིག་བཟོ་དགོས་དགོངས་ཏེ། འོ་ལ་སོ་ལ་སོ་ལ་སོ་་་་བླ་མ་རིན་པོ་ཆེ་ཞབས་གཞས་ལ་གཟིགས་དང་། ཞེས་གསུངས་པར། ཨ་ཁུས་འོ་ལ་སོ་ལ་སོ་ལ་སོ་་་་ཆོས་རར་ཆོས་དང་གཞས་རར་གཞས་ཟེར་བ་ཞིག་ཡོག་རེད་ད། ཞེས་གསུངས་པས། རྒན་བཀྲ་ཤིས་ཀྱིས་འོ་ལ་སོ་ལ་སོ་ལ་སོ་་་་ཆོས་རར་ཆོས་དང་གཞས་རར་གཞས་ཟེར་བ་ཞིག་ཡོད་ན། ཆོས་གཞས་གཉིས་ལྡན་གྱི་གཞས་ཤིག་ཡོད་རེ་བས། ཞེས་གསུངས་པར་ཨ་ཁུས་འོ་ལ་སོ་ལ་སོ་ལ་སོ་་་་ཆོས་གཞས་གཉིས་ལྡན་གྱི་གཞས་ཡང་ཡོད་དོ་ཟེར། ཞེས་གསུངས་པས། རྒན་བཀྲ་ཤིས་ཀྱིས་འོ་ལ་སོ་ལ་སོ་ལ་སོ་་་་ཆོས་གཞས་གཉིས་ལྡན་གྱི་གཞས་ཤིག་ཡོད་ན་སྐྱོན་པ་ལ་ཕེབས་ཤིག་ཅེས་གསུངས་པར་དེ་ཡོད་ལྟད་མོ་བ་རྣམས་ནི་ད་ཨ་ཁུས་ཆོས་གཞས་གཉིས་ལྡན་གྱི་གཞས་གང་འདྲ་ཞིག་གཏོང་གི་ཡིན་ནམ་དེ་རིང་ཨ་ཁུ་མྱང་སོང་བསམས་བཞིན་བློ་འཚབ་ཀྱི་ངང་ནས་བཞུགས་སྐབས། ཨ་ཁུས་ནི་བློ་བདེ་བག་ཕེབས་ཀྱི་ངང་ནས་སྡིངས་ཆའི་ཐོག་ཕེབས་ཏེ་སྔར་འཕན་ཡུལ་དུ་དར་སོ་ཆེ་བའི་འཁྲུག་གླུ། ཆོས་ལ་དགའ་ན་ཆོས་ལ་ཕེབས། གཞས་ལ་དགའ་ན་གཞས་ལ་ཕེབས། ཞེས་པའི་ཆོས་གཞས་གཉིས་ལྡན་གྱི་གཞས་ཤིག་ཕུལ་བས་དེར་ཡོད་གཟིགས་མོ་བ་རྣམས་ཧ་ལས་ཧང་སང་དུ་གྱུར་བ་མ་ཟད་དགེ་རྒན་བཀྲ་ཤིས་ལགས་ཀྱང་ཡུད་ཙམ་རིང་ག་བྱེད་འདི་བྱེད་མེད་པར་གྱུར་རོ། །དུས་སྐབས་དེ་དག་གི་རིང་ཨ་ཁུས་བཏང་བའི་རྒྱ་ལུའི་རྟ་རིང་སོགས་རྣམ་ཐར་གང་ཞིག་ཡིན་ནའང་མགྲིན་འགུག་རབ་ཏུ་སྙན་པ་དང་། དེ་བཞིན་ལྷ་མོའི་ནང་གི་མི་སྣ་ཕོ་མོ་གང་ཞིག་འཁྲབ་ན་ཡང་ལུས་ཀྱི་འཁྱེར་བཟོ་དང་། རྐང་ལག་གི་སྟངས་སྟབས། དགའ་སྐྱོ་ཁྲོ་གསུམ་གྱི་རྣམ་འགྱུར་སོགས་འཁྲབ་བྱའི་ནང་དོན་དང་། རྣམ་ཐར་གང་ལ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་མངོན་གྱི་ཡོད་པས་དེར་ཡོད་གཟིགས་མོ་བ་རྒན་དར་གཞོན་གསུམ་ཐམས་ཅད་ཀྱི་རྣ་བའི་བུ་རམ་དང་། མིག་གི་ལོངས་སྤྱོད་དུ་གྱུར་ཏེ་འཁྲབ་རའི་ནང་ཨ་ཁུ་དོན་པའི་སྐབས་མི་སྣ་སྟོང་ཚོ་མང་པོ་རི་དྭགས་སྒྲ་ལ་ཆགས་པ་བཞིན་སྐད་ཅིག་ཀྱང་གཡེང་བ་མེད་པར་གནས་ཀྱི་ཡོད་པ་ནི་ཡོངས་གྲགས་སུ་གྱུར་ཡོད། དེ་རྗེས་སྤྱི་ལོ་༡༩༤༥གཡས་གཡོན་དུ་འཕན་ཡུལ་ཟ་ལྷ་རྫོང་གི་རྫོང་དཔོན་རྩེ་དྲུང་ཐུབ་བསྟན་ཚེ་འཕེལ་ལགས་ཡིན་ཞིང་།  སྐབས་དེར་རྒྱལ་ལྷ་ཁང་གི་བྱང་ངོས་སུ་ཡོད་པའི་ཅ་ཆུང་ན་མོ་གོང་གི་ས་ཕ་གཞིས་ཁག་གཅིག་གཞུང་གི་རྩིས་ཐོའི་ནང་གསལ་ཡང་དངོས་སུ་ས་ཞིང་དེ་དག་གི་འཛིན་དབང་སུ་ལ་ཡོད་མིན་ཁ་གསལ་ཞིག་མེད་པས་ན། རྫོང་དཔོན་ནས་ས་ཞིང་དེ་དག་ལྷ་ཁང་ཤར་ནུབ་གཉིས་ལ་ཡོད་པས་དེ་ཕྱིར་སྤྲོད་བྱེད་དགོས་པའི་ཁ་མཆུ་བཙུགས། དེས་ན་ལྷ་ཁང་ཤར་ནུབ་གཉིས་ཀྱང་དེའི་དོན་དུ་ལྷ་སར་ཁ་མཆུ་བརྒྱབ་པར་མི་འགྲོ་ཀ་མེད་དུ་གྱུར། སྐབས་དེར་ལྷ་སའི་ནང་གི་སྐུ་དྲག་མང་པོ་ཞིག་ཨ་ཁུས་ངོ་ཤེས་ཀྱི་ཡོད་པས་ཟུར་ཁང་ས་དབང་ཆེན་མོ་སོགས་ཀྱི་རོགས་རམ་འོག་བཀའ་བློན་ཀླུ་ཁང་པའི་སྐུ་དྲུང་དུ་བཅར་ཐུབ་ཙམ་བྱུང་ན་ཡང་ཀླུ་ཁང་པས་ད་ལྟ་ལས་བྲེལ་ཆེ་བས་དུས་ཚོད་ཁོམ་པ་མི་འདུག་གསུངས་ཏེ་ག་དུས་ཡིན་ནའང་དུས་འགྱངས་ཁོ་ན་བྱས་པས་ལོ་གསུམ་ལ་ཉེ་ན་ཡང་ཁ་མཆུ་དེ་ལ་ལེགས་ཉེས་ཀྱི་ཐག་གཅོད་གང་ཡང་མེད་པར་ལུས། དེ་ནས་ལོ་གསུམ་པ་དེར་ཨ་ཁུས་ཁ་མཆུ་ཐག་གཅོད་ཡོང་བའི་རེ་འདུན་མཚོན་པའི་ཀ་བཤད་ཅིག་བྲིས་ཏེ་ཟུར་ཁང་ས་དབང་ཆེན་མོར་ཕུལ། སྐབས་དེར་ཀ་བཤད་ཀ་ནས་ཨ་བར་ཆ་ཚང་ཞིག་ཡོད་བཟོ་འདུག་ཀྱང་ད་ལྟ་དྲན་ཐུབ་མཁན་ཧ་ཅང་དཀོན་པར་གྱུར་ཞིང་ཁོང་གི་བུ་རྒན་པ་དཔལ་འབྱོར་ནོར་བུས་ཀ་བཤད་དེའི་ཆ་ཤས་ཤིག་དྲན་གསོ་ཐུབ་པ་ནི། པ་ཕ་རྒད་པོ་དེ་ལ་ཁོམ་དུས་ནི་མི་འདུག།ཕ་རོལ་དུག་རྩའི་དགྲ་ལ་ཤི་དུས་ནི་མི་འདུག  །བ་བིར་གྱོད་གཞི་འདི་ལ་དབྱེ་དུས་ནི་མི་འདུག།མ་དང་ཕ་ཡིས་བསགས་པའི་དངུལ་ཙག་ནི་རྫོགས་སོ། །རྩ་བ་འདི་ལ་བརྟེན་ནས་སྤྲང་བྲལ་དུ་ཚུད་སོང་།།ཚ་གྲང་སྙོམས་པའི་ཕ་གཞིས་འཛིན་དབང་ནི་མི་འདུག།ཛ་གླང་དེ་ལས་སྐྱོབ་པ་དཀོན་མཆོག་གིས་མཛོད་དང་། །ཝ་མོ་ཁུང་ལ་གནས་པ་ཟུར་ཁང་གིས་བཟོས་དང་། །ཞེས་ཤིན་ཏུ་སྙན་པའི་ཀ་བཤད་དེ་ལ་བརྟེན་ནས་བཀའ་བློན་ཀླུ་ཁང་པས་གཞི་ནས་གྱོད་གཞི་དེ་ལ་བརྡ་ལན་གྱིས་ཉིན་ཞིག་ཨ་ཁུ་ཤོག་གསུངས་བས། ཨ་ཁུས་བཀའ་བློན་ཀླུ་ཁང་པའི་གཟིམས་ཤག་ཏུ་བཅར་སྐབས་ཀླུ་ཁང་པས། ཨཱ། ང་པ་ཕ་རྒད་པོ་དེ་ལ་ཁོམ་དུས་ནི་མི་འདུག་ཟེར་ཨས། ཞེས་གསུངས་པས་ཨ་ཁུ་ནི་ད་ནི་བཀའ་བློན་དགོངས་པ་འཚོམས་ཏེ་བཀའ་བཀྱོན་དང་། ཕྱག་འཇུག་གནང་རྒྱུ་ཉག་གཅིག་རེད་སྙམ་ནས་དངངས་སྐྲག་དང་། ཞེད་སྣང་ཆེན་པོ་བྱུང་ན་ཡང་བཀའ་བློན་ཀླུ་ཁང་པས་དེ་ལས་ལྡོག་སྟེ་ཨ་ཁུ་རང་གི་ཀ་བཤད་དེ་དངོས་གནས་སྙན་པོ་བྲིས་འདུག་གཱ  ཞེས་གསུངས་པ་མ་ཟད་གནས་ཚུལ་དངོས་ལ་རྩད་གཅོད་ཞིབ་ཕྲ་གནང་སྟེ་དུས་ཡུན་ཉིན་ཤས་ལས་མ་འགོར་བར་ཁ་མཆུ་ཐག་གཅོད་བྱུང་ནས་ས་ཆ་དེ་དག་ལྷ་ཁང་ཤར་ནུབ་གཉིས་ལ་མེད་པ་དེ་ཁ་གསལ་བཟོ་ཐུབ་པ་བྱུང་ངོ་། །དེ་རྗེས་འཕན་ཡུལ་ཟ་ལྷ་རྫོང་གི་རྫོང་དཔོན་རྩེ་དྲུང་བསྟན་པ་ཆོས་གྲགས་ཀྱིས་གནང་བའི་སྐབས་མཚམས་རེ་རྩེ་དྲུང་ཁོང་གཞུང་སྒེར་གྱི་ལས་དོན་སྣ་ཚོགས་ཕྱིར་ལྷ་སར་ཟླ་ཤས་བཞུགས་རྒྱུ་འཁེལ་སྐབས་ཨ་ཁུ་བློ་བཟང་ཚེ་རིང་རྫོང་ཚབ་ཏུ་འཇོག་གི་ཡོད་ཅིང་། ཨ་ཁུ་རྫོང་ཚབ་ཏུ་སྡོད་པའི་དབྱར་དུས་ཤིག་ལ་རྫོང་གི་ཉེ་འཁོར་དུ་ཡོད་པའི་ཁྲལ་པའི་མི་ཚང་ཆེ་ཁག་ཉེན་པོ་ཕུ་ངག་དང་། དགུ་བཤད་ལས་དྲུང་། བདེ་གྲོང་སྒོ་ར་ནང་པ་བཅས་ཀྱི་ཕ་རྒན་རྣམས་དང་ཨ་ཁུ་བཅས་པ་དབྱར་སྐྱིད་གླིང་ཁ་གཏོང་སྐབས་གང་ཙམ་ནས་ཁོང་ཚོ་མི་རེས་ཀ་བཤད་རེ་གསར་རྩོམ་ཞུ་རྒྱུ་བྱས་པས་ཁྲལ་པའི་མི་ཚང་གསུམ་གྱི་ཕ་རྒན་རྣམས་ཀ་བཤད་ཀྱི་འགོ་བྲིས་མ་ཚར་གོང་ནས་ཨ་ཁུས་དེ་མུར་ཀ་ནས་ཨ་བར་ཆ་ཚང་ཡོད་པའི་ཀ་བཤད་ཅིག་ངག་ནས་ཆུ་རྒྱུག་པ་ལྟར་འཁོན་འཁོན་ཐོག་ཐོག་མེད་པར་སྐྱོར་བ་ནི་འདི་ལྟར་ཏེ། ཀ་བ། ཁ་ཁ་བར་སྡོད། ག་འགྲོ་ང་རས་ཤེས། ཅ་ཟིང་པོ་མ་ཤོད། ཆ་ཞོག་མཁན་མ་རྙེད། ཇ་འཐུང་ཉ་བཟོ། རྟ་བཞོན་ཐ་མག་འཐེན། ད་རྒྱུག་ནམ་ལངས་ཡོང་གིས། དཔའ་ཅལ་མ་བྱེད། ཕ་མ་དྲན། བ་མོ་ཁྲིད་མ་མོ་ཞོས། རྩྭ་སྟེར་ཚྭ་འཁོལ། ཛ་རེ་ཛོ་རེ་མ་བྱེད། ཝ་མོ་བསོད་ཞྭ་བཟོས་ནས་གྱོན། ཟ་རི་ཟི་རི་དང་། འ་རུ་འུ་རུ་མ་བྱེད། ཡ་ཁུང་མ་བརྟོལ་ཡོང་། ར་བསོད་ལ་བརྒྱབ་ཤ་བཟོ། ས་ག་པར་ཡོད་པ་ཧ་གོ་ཡི་ཡོད་པས་ཨ། ཞེས་པ་དེའོ། །ཡང་ཐེངས་ཤིག་ཕུ་བརྒྱ་གྲོང་སྡེ་པ་ནས་ཨ་ཁུར་ཡི་གེ་ཞིག་བཏང་བ་དེའི་མཇུག་ཏུ་བརྒྱ་གྲོང་ལྡེ་པ་ནས་ཞེས་བྲིས་ཡོད་པས་ཨ་ཁུས་ཡིག་ལན་གྱི་ནང་དུ། སྡེ་པ་ཐམས་ཅད་ས་སྡེ་ལ། ཕུ་བརྒྱ་གྲོང་སྡེ་པ་ལ་ལྡེ་ཡིན། ཞེས་སྡེ་བའི་སྡེ་ལ་ལ་ལྡེ་བྲིས་པར་སྐྱོན་བརྗོད་གནང་བ་སོགས་ཀ་བཤད་དང་གཏམ་བརྗོད་ཐམས་ཅད་ལ་ཐུགས་བསམ་མང་པོ་བཞེས་མི་དགོས་པར་ཐད་ཀར་ངག་ལམ་ནས་ཆུ་རྒྱུག་པ་ལྟར་གསུང་གི་ཡོད་པས། ཁོང་ནི་བློ་རིག་ཤིན་ཏུ་བཀྲ་བའི་མི་སྣ་ཞིག་ཡིན་པ་སྨོས་མེད་དོ། །དེ་ལྟར་ཨ་ཁུ་བློ་བཟང་ཚེ་རིང་ལ་མནའ་མ་བླངས་ཏེ་ཁྱིམ་ཐབ་ཟིན་པ་ནས་བཟུང་སྤྱི་ལོ་༡༩༥༩ལོའི་གོང་བར་མང་ཆེ་བ་རང་ཁྱིམ་ལ་བཞུགས་ན་ཡང་ཞོ་སྟོན་སོགས་དམིགས་བསལ་གྱི་དུས་ཆེན་ཁག་ལ་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་ནང་འཁྲབ་སྟོན་ལ་ཕེབས་དགོས་ཤིང་། ད་དུང་སྐུ་དྲག་དང་མི་ཚང་ཆེ་ཁག་གི་ཆང་ས་སོགས་རྟེན་འབྲེལ་གྱི་མཛད་སྒོ་ཁག་ལ་རྟག་ཏུ་ཕེབས་དགོས་ཀྱི་ཡོད་པ་མ་ཟད་འཕན་ཡུལ་གྱི་སྟོད་སྨད་གང་སར་རྟ་བཅོས་ཀྱི་སྨན་པར་ཡང་ཕེབས་དགོས་ཀྱི་ཡོད་པས་དུས་ཚོད་ནི་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་རྫོགས་ཀྱི་ཡོད། དེ་རྗེས་སྤྱི་ལོ་༡༩༥༩ལོར་བོད་ལ་ངོ་ལོག་ཟིང་འཁྲུག་ལྷིང་འཇགས་དང་། དམངས་གཙོ་བཅོས་སྒྱུར་བྱས་པའི་རྗེས་དང་ཐོག་ཨ་ཁུ་བློ་བཟང་ཚེ་རིང་ལགས་ཀྱི་ཁྱིམ་ཚང་དེ་མངའ་ཚབ་ཏུ་ཚུད་ན་ཡང་༡༩༦༢ལོར་བློ་མཐུན་ལིའུ་ཧྲའོ་ཅིས་སྟོན་གནང་པའི་རང་མོས་གསུམ་དང་། ཉེ་བ་བཞི། རང་དབང་ཆེན་པོ་ལྔ་ཞེས་པའི་སྲིད་ཇུས་ཀྱི་དགོངས་དོན་ལས་བོད་ནང་གུ་ཡངས་ཀྱི་གོ་སྐབས་ཅུང་ཟད་ཐོབ་པས། ཁོང་ཡང་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣའི་ཁོངས་སུ་བཅུག་པ་མ་ཟད་དེ་སྔོན་གཞུང་བཞེས་བཏང་བའི་དངོས་པོ་ཁག་གཅིག་ཀྱང་ཕྱིར་སྤྲོད་གནང་། སྐབས་དེར་གུ་ཡངས་སྲིད་ཇུས་ཀྱི་དགོངས་དོན་ལྟར་འཕན་པོའི་ནང་ལྷ་མོ་འཁྲབ་སྟོན་བྱེད་པའི་དར་སོ་ཧ་ཅང་ཆེན་པོ་བྱུང་སྟེ། རྒྱལ་ལྷ་ཁང་གྲོང་ཚོར་སྤྱི་ལོ་༡༩༥༩ལོའི་གོང་ནས་ལྷ་མོ་འཁྲབ་སྲོལ་ཡོད་པ་ལྟར་སྔར་གྱི་ལྷ་མོ་བ་རྣམས་ཡང་བསྐྱར་སྒྲིག་འཛུགས་དང་། དེ་བཞིན་པ་ཚབ་གྲོང་ཚོ་དང་། གྲུབ་རྒྱལ་གྲོང་ཚོ་སོ་སོར་ལྷ་མོ་ཚོགས་པ་གསར་དུ་བཙུགས་ཏེ་ཨ་ཁུ་བློ་བཟང་ཚེ་རིང་གིས་ལྷ་མོ་ཚོགས་པ་དེ་དག་གི་དགེ་རྒན་གནང་ནས་རྒྱལ་ལྷ་ཁང་གི་ལྷ་མོ་ཚོགས་པར་པདྨ་འོད་འབར་དང་། གཟུགས་ཀྱི་ཉི་མ། པ་ཚབ་ལྷ་མོ་ཚོགས་པར་སྲས་དད་པ་བརྟན་པ། གྲུབ་རྒྱལ་ལྷ་མོ་ཚོགས་པར་འགྲོ་བ་བཟང་མོ་དང་། པདྨ་འོད་འབར། གཟུགས་ཀྱི་ཉི་མ་སོགས་བསླབས་ནས་དུས་ཚོད་གང་ཙམ་ཞིག་གི་རིང་སྔར་གྱི་ལྷ་མོའི་གཞུང་དེ་དག་མི་ཉམས་བརྒྱུད་འཛིན་བྱེད་པའི་སྐལ་བཟང་དགའ་སྟོན་གྱི་ཉི་མ་ཅུང་ཟད་ཙམ་ཞིག་ཤར་ཐུབ་པ་བྱུང་། སྐབས་དེར་ཨ་ཁུ་བློ་བཟང་ཚེ་རིང་གིས་ལྷ་མོ་བསླབ་སར། འཛམ་གླིང་སྐྱིད་པའི་ཉི་མ་ཤར་ཕྱོགས་མར་ནས་ཤར་སོང་། །རླབས་ཆེན་ཉི་མའི་འོད་ཀྱིས་བོད་ལ་བདེ་བ་ཐོབ་སོང་། །ཁུར་ཤོག་འཁྱོག་ཤོག་ཟེར་བའི་ལམ་ལུགས་ངན་པ་གཏོར་ཏེ། །དར་ཆ་དམར་པོའི་འོག་ནས་དགའ་བའི་གླུ་དབྱངས་བླངས་སོ། ། ཞེས་པའི་སྙན་རྩོམ་ཞིག་འཕྲལ་རྩོམ་གྱིས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ལུས་རང་དབང་གི་སྲིད་ཇུས་བཟང་པོའི་དྲོ་སྐྱིད་ལ་དགའ་བའི་གླུ་དབྱངས་ཅི་དགར་ལེན་པའི་རྣམ་པ་དེ་གང་ལེགས་མཚོན་པར་བྱས་ཡོད། འོན་ཀྱང་སྐྱིད་ཀྱི་ཉི་མ་ས་གཞིར་འཕྲོད་ཀྱང་། སྡུག་གི་སྤྲིན་ནག་མཐའ་ནས་འཁོར་སོང་། ཞེས་པའི་དཔེ་ལྟར་སྤྱི་ལོ་༡༩༦༥ལོར་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་ལས་འགུལ་ཛ་དྲག་ཅན་ཞིག་འགོ་ཚུགས་ཤིང་། ལས་འགུལ་དེ་འགོ་ཚུགས་མ་ཐག་རིགས་བཞིའི་མི་སྣར་རྡུང་རྡེག་དང་། རྙིང་པ་བཞི་རྩ་གཏོར་གཏོང་བའི་ནང་ཨ་ཁུ་བློ་བཟང་ཚེ་རིང་ལ་ཡང་ཉེས་མེད་ཀྱི་ཞྭ་མོ་སྣ་ཚོགས་གཡོག་སྟེ་འཐབ་རྩོད་དང་དགག་རྒྱག་བྱེད་སའི་མི་སྣ་ཞིག་ཏུ་གྱུར། སྐབས་དེར་ཁོང་ལ་བཙུགས་པའི་ནག་ཉེས་གཙོ་བོ་གཉིས་ལས་གཅིག་ནི་༡༩༦༢ལོར་གུ་ཡངས་སྲིད་ཇུས་ལ་བརྟེན་ནས་ཁོང་ལ་ཆབ་སྲིད་ཐོག་གུ་ཡངས་ཕྲན་བུ་ཐོབ་པ་དང་། དེ་བཞིན་༡༩༥༩ལོར་དམངས་གཙོ་བཅོས་སྒྱུར་སྐབས་གཞུང་བཞེས་བཏང་བའི་ཅ་དངོས་ཁག་གཅིག་ཕྱིར་སྤྲོད་བྱས་པ་དེ་དག་ཏང་དང་མི་དམངས་ལ་མགོ་སྐོར་བཏང་ནས་བྱུང་བ་ལས་དོན་དུ་ཨ་ཁུ་བློ་བཟང་ཚེ་རིང་ནི་སྤྱི་ཚོགས་རྙིང་པའི་སྐབས་ཟ་ལྷ་རྫོང་གི་རྫོང་ཚབ་བྱེད་མྱོང་བའི་མངའ་བདག་ཆེན་པོ་ཞིག་ཡིན་པས་ཁོ་པའི་ནག་ཉེས་དེ་ལྟར་གུ་ཡངས་བཏང་ན་ང་ཚོ་ཞིང་དབུལ་ཞིང་འབྲིང་འོག་མར་ཡར་ལངས་བཅིངས་འགྲོལ་ཐོབ་པར་བརྩི་ཐུབ་པ་མི་འདུག་ཅེས་སྐབས་དེར་དབུལ་ཕོངས་ཀྱི་གྲས་ནས་རྟག་པར་མི་གཞན་ལ་སྐྱོན་བརྗོད་དང་། བསམ་འཆར་འདོན་རྒྱུར་དགའ་བའི་ཧུར་བརྩོན་ཅན་ཞེས་པའི་ཡུལ་མི་རེ་འགས་བསམ་འཆར་གང་མང་བཏང་བ་ལ་བརྟེན་ནས་ནག་ཉེས་སྦས་སྐུང་བྱས་པའི་ཉེས་པ་དང་། གཉིས་པ་ནི་ལྷ་ཁང་སོགས་གྲོང་ཚོ་གསུམ་ལ་ལྷ་མོ་བསླབས་པ་དེ་ནི་བཀས་བཀོད་བརྒྱུད་འཛིན་གྱི་རྨོངས་དད་བསམ་པས་རྒྱ་ཆེའི་ཞིང་དབུལ་ཞིང་འབྲིང་འོག་མའི་བུ་ཕྲུག་ལ་ཀླད་སྐྱོན་བཏང་བ་དང་། དེ་བཞིན་པ་ཚབ་ལྷ་མོ་ཚོགས་པར་སྲས་དད་པ་བརྟན་པ་བསླབས་པས་དེའི་ནང་དོན་འགའ་ཞིག་དཔེར་ན་སྲས་དད་པ་བརྟན་པ་ཞེས་པ་དེ་ནི་དད་པ་བྱས་ན་སངས་རྒྱས་བསྟན་པ་སླར་ཡང་དར་ཞེས་པའི་ནང་དོན་ཡིན་ཚུལ་དང་།  ད་དུང་ལྷ་མོ་དེའི་ནང་གི་རྣམ་ཐར་གྱི་ཚིག འབུ་ཚེ་ཟད་གྲོག་མོའི་ཁ་རུ་སླེབས། །མི་ཆུང་ཚེ་ཟད་སྲིན་འབུའི་སྒོ་ཁར་སླེབས། །ཞེས་པ་དེ་ནི་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་པའི་ཚབས་ཆེའི་ནོར་འཁྲུལ་གྱི་ཚིག་ཅིག་ཡིན་པ་སོགས་ནག་ཉེས་སྣ་ཚོགས་བཀལ་ནས་འཛིན་བཟུང་གིས་ཐོག་མར་སྐབས་དེའི་ལྷུན་གྲུབ་རྫོང་ཆགས་ཡུལ་རྫོང་ཞོལ་དུ་ཟླ་བ་འགའ་ཞིག་བཀག་ཉར་དང་། དེ་རྗེས་ལྷ་སའི་གསང་ཡིབ་བཙོན་ཁང་དུ་ཁྲིད་ནས་དེར་ལོ་བཞི་ལྷག་ཙམ་བཙོན་འཇུག་བྱས་ཏེ་མཐར་ཁོང་ཉིད་དགུང་ལོ་༥༥ལ་ཕེབས་པ་སྤྱི་ལོ་༡༩༧༠ལོར་བཙོན་ཁང་ནང་འདས་གྲོངས་ཀྱིས་ཁོང་གི་བུ་ཕྲུག་དང་། སྤུན་མཆེད་རྣམས་ཀྱིས་ཁོང་སྐུ་གཤེགས་ཁར་འཁྲིས་སུ་བཅར་ནས་ཞབས་ཕྱི་ཞུ་རྒྱུ་ལྟ་ཞོག་གཤིན་པོའི་རྗེས་འཇུག་ཙམ་ཡང་བྱེད་པའི་གོ་སྐབས་མ་བྱུང་བ་དེ་ནི་ཁོང་གི་བུ་ཕྲུག་དང་སྤུན་མཆེད་རྣམས་ཀྱི་ཚེ་འདིའི་བློ་འགྱོད་ཆེ་ཤོས་སུ་གྱུར་རོ། །དེ་ལྟར་འཕན་ཡུལ་གྱི་ཨ་ཁུ་སྟོན་པའམ་ཤར་སྨད་བློ་བཟང་ཚེ་རིང་གི་མི་ལོ་ང་ལྔའི་མི་ཚེའི་ལམ་བུའི་ནང་གོང་གསལ་གྱི་དགའ་སྐྱོ་ཟུང་དུ་འབྲེལ་བའི་སྒྲུང་གཏམ་དང་ལོ་རྒྱུས་དེ་དག་ཕུད་ད་དུང་དེ་ལས་མང་བའི་གཏམ་རྒྱུད་དང་བཤད་རྒྱུན་མང་པོ་ཞིག་འདུག་ཀྱང་ཐམས་ཅད་བཀོད་ན་ཡིག་ཚོགས་ལ་འཇིགས་ཏེ་རེ་ཞིག་དེ་ཙམ་གྱིས་རྫོགས་སོ། །

འབྲེལ་ཡོད་འོས་སྦྱོར།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1