༄༅། །མའི་མངལ་དུ་ཕྲུ་གུ་ཇི་ལྟར་འཕེལ་ཚུལ་བཤད་པ།

རྩོམ་པ་པོ། མགོན་པོ་སྐྱབས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-14


     མངལ་གནས་སེམས་ཅན་ཆེ་ཆེར་འཕེལ་བའི་རྒྱུ།

མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་ཀྱི་ལུས་རིམ་པར་ཆེ་ཆེར་འཕེལ་བར་བྱེད་པའི་རྒྱུའི་གཙོ་བོ་ནི་མངལ་དུ་གནས་པའི་སེམས་ཅན་རང་ཉིད་ཀྱི་ལྟེ་བ་ཡིན་ཏེ།ཅིའི་ཕྱིར་ན།མའི་བུ་སྣོད་གཡས་གཡོན་དུ་རྩ་གཉིས་ཡོད་པ་དེའི་སྣེ་མངའ་གནས་ཀྱི་ལྟེ་བར་སྦྲེལ་ཞིང་།བུ་སྣོད་ཀྱི་རྩ་གཉིས་པོ་དེའང་གྱེན་ཕྱོགས་སུ་བསམ་སེའུ་ཞེས་ལུས་ཟུངས་ཐམས་ཅད་ཀྱི་དྭངས་མའི་བཅུད་ཀྱི་ཡང་སྙིང་གསོག་པའི་སྣོད་དམ་རྟེན་དང་འབྲེལ་ནས་ཡོད་ཕྱིར།མའི་ཁ་ཟས་རྣམས་ཀྱི་དྭངས་མ་བདུན་པོ་རྒྱུན་མི་ཆད་པར་འབྱུང་བའི་ཐ་མ་བཅུད་ཆེན་པོ་དེ་ཉིད་བསམ་སེའུ་ནས་རྩ་གཉིས་སུ་བརྒྱུད་དེ་མངལ་དུ་གནས་པའི་ལྟེ་བར་ཞུགས་པ་དེས་རིམ་གྱིས་མངལ་དུ་ལུས་རྣམ་པར་འཕེལ་བར་འགྱུར་བ་ཡིན་ཏེ།དཔེར་ན་ཆུ་རྒྱུན་ཤིན་ཏུ་ཕྲ་བ་རྣམས་བསགས་པའི་རྫིང་དང་འདྲ་བའི་བསམ་སེའུ་ལས་ཡུ་བ་དང་འདྲ་བའི་རྩ་གཉིས་པོ་ནས་མངའ་གནས་ཀྱི་ལྟེ་བ་བརྒྱུད་དེ་ཞིང་དང་འདྲ་བའི་མངལ་གནས་སེམས་ཅན་དེའི་ཟུངས་སྟོབས་རིམ་བཞིན་ཆེ་ཆེར་འཕེལ་བར་འགྱུར།
 མངལ་བསྲུང་བའི་ཐབས།
མངལ་སྦྲུམ་པའི་རྗེས་སུ་མངལ་གནས་ཀྱི་ལུས་བསྲུང་བའི་སླད་དུ་བུད་མེད་དེ་ཡིས་ཉལ་པོ་སྤྱད་པ་དང་རྩོལ་བ་དྲག་པོས་ལུས་ཀྱི་ལས་ཆེན་པོ་བྱེད་པ།མཚན་མོ་གཉིད་མི་ལོག་ཅིང་ཉིན་མོ་གཉིད་ལོག་པ།བཤང་གཅིའི་ཤུགས་བཀག་པའམ་ཧ་ཅང་བཙིར་ཆེས་པ།ནུས་པ་ཤིན་ཏུ་ཚ་ཞིང་རྣོ་ལ་ལྕི་བའི་ཟས་སྨན་རིགས་དང་།ལྷག་པར་བཤང་གཅི་དགག་པར་འགྱུར་བའི་ཁ་ཟས་རྣམས་དང་།ཡར་སྐྱུག་པར་བྱེད་པའི་སྐྱུག་སྨན་གཏོང་བ་དང་།མར་འཁྲུ་བར་བྱེད་པའི་བཤལ་སྨན་གཏོང་བ།ནི་རུ་ཧ་ཞེས་པ་བཤང་ལམ་ནས་ཡར་སྨན་གཏོང་བ།ཁྲག་གཏར་བར་བྱེད་པ་བཅས་ནི་མ་དང་མངལ་གནས་སེམས་ཅན་གཉིས་ལ་གནོད་པར་འགྱུར་བས་མ་བཙས་ཀྱི་བར་དུ་སྤང་དགོས།གལ་ཏེ་གོང་གི་སྤང་བྱ་འགའ་ཞིག་བྱ་དགོས་པ་བྱུང་ན་ཟླ་བ་བརྒྱད་རྫོགས་ནས་བྱེད་པ་ལས་དེའི་བར་དུ་ནི་སྤང་བར་བྱ་བ་ཁོ་ན་ཡིན།དེ་ལྟར་སྤང་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན་ཟས་སྤྱོད་དེ་རྣམས་མའི་ལུས་ཟུངས་ལ་ལྷག་པར་གནོད་པ་དང་།མའི་ཟུངས་ཟད་ན་བུའི་ལུས་བསྐྱེད་པའི་རྒྱུ་མེད་པས་མངལ་འཇིག་པ་སྟེ་ཕྱིར་འབྱུང་བའམ་འཆི་བ།ཡང་ན་རླུང་གི་དབང་གིས་མངལ་གྱི་ནང་ཉིད་དུ་སྐམས་པར་འགྱུར་བས་ནའོ།།
 མངལ་དུ་ཕྲུ་གུ་འཕེལ་ཚུལ།
དེ་ཡང་མངལ་དུ་ཆགས་པའི་ལུས་ཅན་དེ་ཡང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི་གྲངས་དང་མཉམ་པའི་རླུང་གིས་རིམ་པར་བསྒྱུར་ནས་ཟླ་བ་དགུའི་བར་དུ་འཕེལ་བར་འགྱུར་བ་ལ།དེ་ཡང་མངལ་ཆགས་མ་ཐག་པ་ནས་བརྩིས་པའི་ཞག་བདུན་ཕྲག་དང་པོར་འོ་མ་བསྐོལ་བར་རུ་མ་བླུགས་ཏེ་དཀྲུགས་པ་དང་འདྲ་བར་ཁུ་ཁྲག་གཉིས་ཀྱི་རྡུལ་ཐམས་ཅད་ཕན་ཚུན་དབྱེར་མེད་དུ་འདྲེས་པར་གྱུར།བདུན་ཕྲག་གཉིས་པ་ལ་སྔ་མ་ལས་ཅུང་ཟད་བསྐ་བའི་རྣམ་པ་ནུར་ནུར་པོར་འགྱུར།བདུན་ཕྲག་གསུམ་པ་ལ་ཞོ་ཆགས་ཟིན་པ་ལྟ་བུ་སྐ་བའི་རང་བཞིན་ཅན་དུ་སྣང་བར་འགྱུར།མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་སྐྱེས་བུར་འབྱུང་བར་འདོད་པ་རྣམས་ཀྱིས་བདུན་ཕྲག་གསུམ་པ་དང་བཞི་བའི་དུས་འདིར་ལྟེ་བ་བསྒྱུར་བའི་ཐབས་བསྟེན་ནས་མངལ་གནས་སེམས་ཅན་བུ་རུ་བསྒྱུར་ཐབས་ཡོད།བདུན་ཕྲག་བཞི་པའི་སྐབས་སུ་ཁུ་ཁྲག་གཉིས་ཞོ་ཆགས་པ་ལྟ་བུ་དེ་ལས་གོར་གོར་པོ་སྟེ་ཅུང་ཟད་སྲ་ཞིང་འདྲིལ་བའི་རྣམ་ཅན་དང་།ཡང་ན་སླ་ཞིང་མེར་མེར་པོའི་རྣམ་པ་ཅན།ཡང་ན་དབྱིབས་ནར་ནར་པོ་གང་རུང་ཞིག་ཏུ་འགྱུར་བ་ཡིན་ཞིང་།དེ་ལས་དང་པོ་གོར་གོར་པོ་ལྟར་བྱུང་ན་ཕོ་དང་།གཉིས་པ་མེར་མེར་པོ་ལྟར་བྱུང་ན་མོ།གསུམ་པ་ནར་ནར་པོ་ལྟར་བྱུང་ན་མ་ནིང་དུ་རིམ་པར་འགྱུར་བ་ཡིན།སྐབས་འདིར་བུད་མེད་དེའི་ནུ་མ་གཉིས་ཆེར་སྐྱེ་བ།ཁ་ཟད་ཟ་མི་འདོད་པ་དང་བྱ་རྨྱང་བྱེད་པ།ཁ་ཟས་ཀྱི་རོ་སྐྱུར་བ་རྣམས་ལ་དགའ་ཞིང་མདོར་ན་སྙིང་ལ་ཁ་ཟས་སྣ་ཚོགས་པ་འདོད་པ་ཞིག་མངལ་དུ་གནས་པའི་སེམས་ཅན་དེའི་དབང་གིས་འབྱུང་བས་ན།རྟ་བོང་བྱ་ཤ་མ་ཡིན་པའི་ཇི་ལྟར་འདོད་པའི་ཁ་ཟས་དེ་རྣམས་མ་བྱིན་པར་བཀག་པའི་ཚེ།ལུས་ཅན་དེ་ཉིད་མངལ་ནས་ཕྱིར་འཇིག་པའམ་ནང་དུ་འཆི་བར་འགྱུར་ལ།གལ་ཏེ་ཤི་བར་མ་གྱུར་ན་ཡང་དམུས་ལོང་དང་ཞ་བོ་དང་སྒུར་པོ་སོགས་གཟུགས་མི་སྡུག་པ་སྐྱེས་པར་འགྱུར་བ་ན་བུད་མེད་དེ་ཉིད་ཀྱི་ནད་གཞི་ལ་གནོད་པའི་ཁ་ཟས་ཞིག་འདོད་པར་སྣང་ཡང་།མ་བུ་གཉིས་ཀ་ལ་ཕན་པའི་ཁ་ཟས་འགའ་ཞིག་དང་བསྲེས་ནས་ཅུང་ཟད་བྱིན་པར་བྱེད་དགོས།  དེ་ཡང་བདུན་ཕྲག་ལྔ་པ་ནས་དགུ་པའི་བར་ལ་མངལ་གནས་སེམས་ཅན་གྱི་ལུས་དབྱིབས་ཉ་ལྟ་བུ་ཡིན་པས་ཉའི་གནས་སྐབས་ཟེར།བདུན་ཕྲག་ལྔ་པ་འདི་ལ་སྔར་གྱི་གོར་གོར་མེར་མེར་སོགས་གང་རུང་གི་རྣམ་པ་ལས་འདས་ནས་མཁྲེགས་པར་གྱུར་ཅིང་ཞག་འདི་དག་གི་སྐབས་སུ་མངལ་གནས་ཀྱི་སེམས་ཅན་དིའི་ལུས་ཀྱི་ཆ་ཤས་ཀྱི་ནང་ནས་རྩ་རླུང་ཐིག་ལེ་ཐམས་ཅད་བསྐྱེད་པའི་རྩ་བ་ལྟ་བུའི་ལྟེ་བའི་རྩ་འདབ་ཀྱི་རྣམ་པ་དེ་ཆགས་པར་འགྱུར།བདུན་ཕྲག་དྲུག་པ་ལ་ལྟེ་བའི་རྩ་འདབ་ཀྱི་དབུས་དེ་ལ་བརྟེན་ནས་སྲོག་རྩ་ཆགས་པར་འགྱུར།བདུན་ཕྲག་བདུན་པར་མིག་གི་དབང་བོའི་གཟུགས་དབྱིབས་ཆགས།བདུན་ཕྲག་བརྒྱད་པར་མགོའི་དབྱིབས་ཆགས་པར་འགྱུར།བདུན་ཕྲག་དགུ་པར་ལུས་ཀྱི་དབྱིབས་ཏེ་ཁོག་པ་སྟོད་སྨད་ཀྱི་རྣམ་པ་ཕལ་ཆེར་ཆགས་པར་འགྱུར། བདུན་ཕྲག་བཅུ་བ་ནས་བཅུ་བདུན་གྱི་བར་ལ་ཡན་ལག་ལྔ་པོ་ཆགས་པའི་དུས་ཡིན་པས་རུས་སྦལ་གྱི་གཟུགས་དང་འདྲ་བའི་དབང་གིས་རུས་སྦལ་གྱི་གནས་སྐབས་ཟེར། བདུན་ཕྲག་བཅུ་པ་ལ་ཉའི་རྣམ་པ་དེ་ལས་དཔུང་པ་གཉིས་དང་དཔྱི་རུས་གཉིས་འབུར་དུ་དོད།བདུན་ཕྲག་བཅུ་གཅིག་པ་ལ་དབང་བོ་དགུ་སྟེ་བུ་ག་དགུའི་གཟུགས་དབྱིབས་དོད།བདུན་ཕྲག་བཅུ་གཉིས་པ་ལ་དོན་ལྔའི་གཟུགས་དབྱིབས་དོད།བཅུ་གསུམ་པ་ལ་སྣོད་དྲུག་གི་གཟུགས་དབྱིབས་དོད།བདུན་ཕྲག་བཅུ་བཞི་པ་ལ་དཔུང་བའི་རྐང་གཉིས་དང་བརླའི་རྐང་གཉིས་ཏེ་བཞི་བོའི་གཟུགས་དབྱིབས་དོད།བདུན་ཕྲག་བཅོ་ལྔ་པ་ལ་རྐང་བ་དང་ལག་པའི་རྗེ་ངར་བཞིའི་གཟུགས་དབྱིབས་དོད།བདུན་ཕྲག་བཅུ་དྲུག་པ་ལ་རྗེ་ངར་རྣམས་ལས་སོར་མོ་ལྔ་ལྔ་སྟེ་ཉི་ཤུའི་གཟུགས་དབྱིབས་དོད།བདུན་ཕྲག་བཅུ་བདུན་པ་ལ་ལུས་ཀྱི་ཕྱི་ནང་དུ་འབྲེལ་ནས་མངོན་པའི་རྩ་བཅུ་དྲུག་དང་མི་མངོན་པའི་རྩ་གྲངས་མེད་པ་རྣམས་ཆགས་པར་འགྱུར། བདུན་ཕྲག་བཅོ་བརྒྱད་པ་ནས་སོ་ལྔའི་བར་དུ་མངལ་གནས་སེམས་ཅན་གྱི་ལུས་ཀྱི་དབང་བོ་རྣམས་རིམ་པར་དོད་ནས་མི་གཙང་བའི་རོ་ཟ་བའི་དབང་གིས་ཕག་གི་གནས་སྐབས་ཟེར།བདུན་ཕྲག་བཅོ་བརྒྱད་པ་ལ་ཤ་དང་ཚིལ་གྱི་ཆ་ཤས་ཕལ་ཆེར་ཆགས།བདུན་ཕྲག་བཅུ་དགུ་པ་ལ་ཆུ་བ་ཆེ་ཆུང་དང་རྒྱུས་པའི་རང་བཞིན་རྣམས་ཆགས།བདུན་ཕྲག་ཉི་ཤུ་པ་ལ་རུས་པའི་བྱེ་བྲག་རྣམས་དང་རྐང་མར་གྱི་དབྱིབས་རྣམས་ཆགས།བདུན་ཕྲག་ཉེར་གཅིག་པ་ལ་ཕྱིའི་པགས་པ་འོ་མ་བསྐོལ་བའི་སྤྲིས་མ་ལྟ་བུས་གཡོགས་པར་འགྱུར།བདུན་ཕྲག་ཉེར་གཉིས་པ་ལ་དབང་བོ་ལྔ་དང་བཅས་པའི་སྒོ་དགུའི་བུ་ག་རྣམས་སོ་སོར་རྣམ་པར་ཕྱེ་བར་འགྱུར།བདུན་ཕྲག་ཉེར་གསུམ་པ་ལ་སྐྲ་དང་བ་སྤུ་དང་སེན་མོའི་དབྱིབས་སྐྱེས།བདུན་ཕྲག་ཉེར་བཞི་པ་ལ་སྔར་ཆགས་པའི་སྣོད་རྣམས་གསལ་བར་སྨིན་པར་བྱེད།དེའི་དུས་སུ་ཚོར་བ་ཉམས་སུ་མྱོང་བའི་དོན་གྱིས་བདེ་བ་དང་སྡུག་བསྔལ་གྱི་འདུ་ཤེས་ཀྱང་ཤེས་པར་འགྱུར།བདུན་ཕྲག་ཉེར་ལྔ་པ་ལ་བུ་ག་རྣམས་ལས་རླུང་གི་རྒྱུ་བ་ཡང་འབྱུང་བ་ཡིན།བདུན་ཕྲག་ཉེར་དྲུག་པ་ལ་སེམས་ཀྱི་དྲན་པ་རབ་ཏུ་གསལ་བ་ཞིག་འབྱུང་བ་ཡིན་ཏེ།སྔོན་གྱི་ཚེ་རབས་ཀྱང་རྗེས་སུ་དྲན་པར་བྱེད།བདུན་ཕྲག་ཉེར་བདུན་ནས་ཉེར་བརྒྱད་ཉེར་དགུ་སུམ་ཅུའི་བར་དུ་སྔར་ཇི་ལྟར་ཆགས་པ་ཐམས་ཅད་ཀྱང་མངོན་པར་གསལ་ཞིང་ཆ་ཤས་ཕྲ་མོ་རྣམས་ཀྱང་གྲུབ་སྟེ་ཡོངས་སུ་རྫོགས་པར་འགྱུར།བདུན་ཕྲག་སོ་གཅིག་ནས་སོ་གཉིས་སོ་གསུམ་སོ་བཞི་སོ་ལྔ་པའི་བར་དུ་ཐམས་ཅད་ཆེས་ཆེར་འཕེལ་བར་འགྱུར།དེའི་ཚེ་ཁ་ཟས་ཀྱི་བཅུད་ཆེ་ཆུང་གི་དབང་གིས་མ་དང་བུ་ཚ་དེ་གཉིས་ཐེངས་རེས་མོས་ཀྱི་གཟི་མདངས་འཕོ་བར་འགྱུར་ཏེ།རེས་འགའ་ནི་མ་གཟི་མདངས་ཆེ་ལ་བུ་ཆུང་བ་དང་།རེས་འགའ་ནི་བུ་གཟི་མདངས་ཆེ་བ་ལ་མ་ཆུང་བར་འགྱུར།དུས་འདིར་ཕལ་ཆེར་བཙའ་བའི་སྐབས་མེད་མོད།འོན་ཀྱང་རྐྱེན་འགའ་ཞིག་གིས་སྐྱེ་པར་ཡང་སྲིད་པས།གལ་ཏེ་མ་གཟི་མདངས་ཆེ་བའི་སྐབས་སུ་སྐྱེས་ན་མ་འཚོ་ཡང་བུ་འཆི་ལ།བུ་གཟི་མདངས་ཆེ་བའི་སྐབས་སུ་སྐྱེས་ན་བུ་འཚོ་ཡང་མ་འཆི་བར་འགྱུར།སྐབས་འདིར་མངལ་གྱི་ལུས་ཅན་དེའི་དབང་གིས་མ་ལ་ནད་སྣ་ཚོགས་ལ་འབྱུང་ཞིང་དེ་རིགས་ལ་སྨན་པར་བསྟེན་ནས་གསོ་བཅོས་བྱ་དགོས། བདུན་ཕྲག་སོ་དྲུག་པའི་ཉིན་ཞག་དང་པོ་ནས་བཟུང་སྟེ་རང་གི་གནས་ལ་མི་གཙང་བ་དང་དྲི་མི་ཞིམ་པ་དང་བཙོན་ར་ལྟ་བུ།མུན་ནག་ལྟ་བུ།མངོན་པར་མི་དགའ་བ་སྟེ་སྐྱོ་བའི་འདུ་ཤེས་ལྔ་ཡིད་ལ་འབྱུང་བས་གནས་གཞན་དུ་འཕོ་བར་འདོད་པ་དང་།བདུན་ཕྲག་སོ་བདུན་པ་ལ་གནས་གཞན་དུ་འཕོ་བར་འདོད་ནས་མགོ་མཇུག་ལོག་པའམ་ཕྱིར་ཕྱོགས་པའི་འདུ་ཤེས་སྐྱེ།བདུན་ཕྲག་སོ་བརྒྱད་པ་ལ་མགོ་མཇུག་ལོག་སྟེ་མངལ་གྱི་ཕུགས་ནས་སྒོར་འབྱིན་ཞིང་བཙའ་བ་ལ་མངོན་དུ་ཕྱོགས་པར་འགྱུར།འོན་ཀྱང་དུས་འདིར་བཙའ་བར་མི་ནུས་པའི་རྒྱུ་གསུམ་ཡོད་དེ།མའི་ལུས་ལས་ཁྲག་མང་དུ་ཟགས་པ་ན་མངལ་གནས་ཀྱི་ལུས་འཕེལ་བར་མི་ནུས་པས་མི་བཙའ་བ་དང་།བུད་མེད་དེའི་ལུས་ཧ་ཅང་ཚོ་ཆེས་པ་ན་ཡང་མངལ་གྱི་སྒོ་ཆེར་རྒྱས་པར་འགྱུར་བས་ཟླ་བ་དགུ་ཚང་ཡང་བཙའ་བ་དཀའ།ཐུར་སེལ་རླུང་འཁྱིམས་པ་དག་གིས་ཀྱང་མངལ་གྱི་སྒོ་ནས་བཀག་པས་ཟླ་བ་མ་རྫོགས་བར་དུ་མི་བཙའ་བར་ཚང་ཡང་འགོར་བ་སྟེ།དེ་ལྟ་བུའི་རྐྱེན་གསུམ་གྱིས་གེགས་བྱེད་པ་དག་ཀྱང་ཡོད་པ་ལ་སྨན་པར་བསྟེན་ནས་གསོ་བཅོས་བྱ་དགོས།གོང་དུ་བཤད་ཟིན་པའི་བདུན་ཕྲག་སོ་སོའི་འགྱུར་བ་ནི་བགྲང་བྱ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་དུ་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་རྒྱུད་བཞིའི་དགོངས་པ་ཡིན་ལ།བདུན་ཕྲག་རེ་རེའི་འགྱུར་བ་དེ་ནི་ཉེ་བའི་ལོ་ཤས་ནང་ཕྱི་གླིང་བས་བརྟག་དཔྱད་བྱས་པའི་འབྲས་བུ་དང་ཡང་མཐུན།
བཙའ་བའི་དུས་དང་རྟགས།
དེ་ལྟར་བདུན་ཁྲག་སོ་བརྒྱད་དམ་ཟླ་དགུ་ལྷག་འདས་པ་ན་མངལ་གནས་སེམས་ཅན་དེ་བཙའ་བའི་དུས་ལ་བསླེབས་ཟིན་པ་དང་།དེ་ཡང་མའི་གཡས་ལོགས་ལ་བརྟེན་པའི་དབང་གིས་དཀུ་སྟེ་མངལ་གྱི་གཡས་ཕྱོགས་ཅུང་ཟད་མཐོ་ཞིང་ལུས་རང་བཞིན་གྱི་ཡང་བ་དང་།རྨི་ལམ་དག་ནའང་སྐྱེས་པ་མང་དུ་མཐོང་ཞིང་འདོད་པ་མི་སྐྱེ་བ་དང་།ནུ་མའི་ཞོ་ཡང་གཡས་པ་སྔ་བར་འབྱུང་ཞིང་འཛག་པ་རྣམས་ནི་ཁྱེའུ་སྐྱེས་པའི་རྟགས་ཡིན།ཡང་ན་སྐྱེས་པ་དང་ཕྲད་ན་འཁྲིག་པར་འདོད་ཅིང་།གླུ་གར་དང་ལུས་ཀྱི་རྒྱན་རྣམས་ལ་ལྷག་པར་དགའ་བ་སོགས་གོང་གི་རྟགས་རྣམས་ལས་ཕལ་ཆེར་གོ་ལྡོག་པ་ནི་བུ་མོ་སྐྱེས་པའི་རྟགས་ཡིན།དེ་དག་ལྟ་བུའི་རྟགས་ཕལ་ཆེར་འདྲེས་ཤིང་ལྷག་པར་མངལ་གྱི་དབུས་མཐོ་བ་ལས་ནི་མ་ནིང་འབྱུང་བར་འགྱུར།ཡང་རྟགས་གཞན་རྣམས་ཇི་ལྟར་གྱུར་ཀྱང་ལྟོ་བའི་དབུས་དམའ་ཞིང་མཐའ་གཉིས་མཐོ་བ་ན་མཚེ་མར་སྐྱེས་པར་འགྱུར།རྟགས་དེ་རྣམས་དང་ལྡན་པ་དེ་ནས་བྱིས་པ་མྱུར་དུ་བཙའ་བའི་རྟགས་སུ་ལུས་སྙོམ་ཞིང་ཁམས་ཉོབ་པ་དང་།མངལ་གྱི་སྒོ་ཕྱིར་ལུག་པ།ལུས་ཀྱི་སྨད་ལྷག་པར་ལྕི་ཞིང་ཚང་ར་དང་མཁལ་མ་རྐེད་པ་ཀོ་ལེར་ན་བ།རྒྱུ་ཞབས་དང་ཆུ་སོ་ན་བ་སོགས་རེས་ན་ཟུག་ཆེ་ཞིང་རེས་ན་ཟུག་ཆུང་བ་སྟེ་ལྡང་དུབ་བྱེད་པ།མཚན་མ་ལུག་ཅིང་ཁ་ཆེར་བྱེ་བ་དང་གཅིན་ཐེངས་མང་དུ་གཏོང་དགོས་པ།མཐར་ཚང་ར་དང་རྒྱུ་ཞབས།རྐེད་པ་བཅས་སུ་སྲོག་བྲལ་བ་ལྟ་བུའི་ན་ཟུག་བཟོད་གླགས་མེད་པར་བསྟུད་མར་ཐོན་པ་ནི་མྱུར་དུ་བཙའ་བའི་རྟགས་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1