བོད་ཤར་རྒྱུད་མི་སེར་གྱི་འཚོ་བ་དེ་བས་མཛེས་སྡུག་ལྡན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 12-14



—— ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

        ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་ངལ་ཁྱད་བསད་དང་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམ་པོར་དམིགས་ཏེ“གཞན་གྱིས་ལན་གཅིག་སྦྱངས་ནས་ཤེས་སར་རང་གིས་ལན་བཅུ་སྦྱོང་བར་བྱེད་པའི”ངར་ཤུགས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་ཡོད།
        འདས་ཟིན་པའི་ལོ་ལྔའི་རིང་གི་ཆབ་མདོའི་དབུལ་སྒྲོལ་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། 2019ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་དུད་ཚང་ཁྲི་3.84ཡི་མི་ཁྲི་19.46དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་1127དབུལ་སྒྲོལ་ཐུབ་པ། རྫོང(ཆུས)11གི་དབུལ་ཞྭ་ཕུད་ཡོད།

        གོང་འོག་མཉམ་འགུལ་བྱས་ནས་འགན་འཁྲི་འཁུར་སེམས་མངོན།
        དབུལ་སྒྲོལ་འགག་སྒྲོལ་ནི་དམག་འཐབ་དྲག་པོ་ཞིག་ཡིན་པས་ངེས་པར་དུ་འབད་བརྩོན་ལྡབ་བརྒྱ་བྱེད་དགོས། ལོ་5ཡི་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཆབ་མདོའི་དོན་དངོས་དང་མཐུན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལག་བསྟར་བསམ་འཆར་བཟོས་པ་དང་། གྲོང་ཁྱེར་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་དང་ཁག་བགོས་ཇུས་གཞི་15བཟོས་པ་རེད། ཆབ་མདོའི་དོན་དངོས་དང་མཐུན་པའི་ལེ་ལག་ཚང་བའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་འཆར་འགོད་ཡོད་པ་དང་། དམིགས་ཚད་ཡོད་པ། ལས་འགན་ཡོད་པ། བྱ་ཐབས་ཡོད་པ། དུས་ཚད་ཡོད་པ། བྱེད་པོ་ཡོད་པ་བཅས་བྱས་ཡོད།
        དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་སྤུས་ཚད་མཐོ་པོའི་ངང་ལེགས་གྲུབ་ཐུབ་མིན་གྱི་འགག་རྩ་དེ་མི་དང་ལས་བྱེད་པའི་དཔུང་ཁག་ལ་ཐུག་ཡོད།
        བྱམས་པ་བསྟན་ཆོས་ནི་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོར་མངགས་གཏོང་བྱས་པའི་ཀྲི་པུའུ་ཧྲུའུ་ཅི་ཡིན། དུས་ཐུང་ལོ་ལྔའི་རིང་། རྒྱབ་རི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།2015ལོའི་གྲོང་ཚོ་དབུལ་པོ་ཞིག་ནས་ད་ཆ་གྲོང་ཚོའི་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.2ལས་བརྒལ་ཡོད་པ་རེད།
        2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་གྲོང་ཁྱེར་དང་རྫོང་ལས་ཁུངས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་114དང་ཕུལ་བྱུང་གི“རིགས་གསུམ་མི་སྣ”298ཤང(གྲོང་རྡལ)གི་འགོ་ཁྲིད་ཚན་ཁག་ནང་བཏང་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་2481གྲོང་ཚོ(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་བྱེད་པར་བཏང་ཡོད། ཕུལ་བྱུང་ལས་བྱེད་པ་837ཤིན་ཏུ་དབུལ་བའི་གྲོང་ཚོར་བཏང་ནས་འཐབ་ས་དང་པོའི་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པ་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོགས་དབུལ་པོའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད།
        དབུལ་སྒྲོལ་འགག་སྒྲོལ་ལ་མི་ཚང་མས་ཧུར་ཐག་ཞུགས་ཤིང་། སྨར་ཁམས་རྫོང་བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་དུ་དཀའ་སྤྱད་ལས་ལ་བརྩོན་བཞིན་པའི་ཁྱིམ་ཚང་མི་ཉུང་བ་ཞིག་ཡོད་པ་དང་ཆོས་སྒྲོན་བཟའ་ཚོ་གཉིས་ནི་དེའི་གྲས་ཤིག་རེད།
        2018ལོའི་ཟླ་4པར། ཆོས་སྒྲོན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བརྒྱུད་བདེ་སྐྱིད་ཁང་གསར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་དང་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་ལ་བརྟེན་ནས་ཇ་ཁང་བཙུགས་པ་དང་བཟའ་ཟླ་ལྷ་བཟང་རྫོང་གྲོང་དུ་བོགས་གཏོང་རླངས་འཁོར་བཏང་བར་ཁྱིམ་ཚང་གི་ཟླ་རེའི་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཟིན་གྱི་ཡོད།
        ཆོས་སྒྲོན་དང་འདྲ་བའི་བོད་ཤར་གྱི་མང་ཚོགས་དབུལ་པོ་དེ་བས་མང་པོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་པ་བརྒྱུད“ཕྱུག་འགྱུར་དེ་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ”བྱས་ཡོད།

        སེམས་ཤུགས་གཅིག་སྒྲིལ་གྱིས“འགན་ལེན་གསུམ”གྱི་ཆུ་ཚད་མཐོ་རུ་བཏང་བ།
        དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྲོད། ཆབ་མདོ་གྲོང་ཁྱེར་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ནས་སེམས་ནུས་གཅིག་སྒྲིལ་གྱིས་འཐུང་ཆུའི་བདེ་འཇགས་དང་། འོས་འགན་སློབ་གསོ། གཞི་རྩའི་སྨན་བཅོས། སྡོད་ཁང་འགན་ལེན་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ་རེད།
        ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལས་དོན་ཁྱོན་ཡོངས་ནས་ལེགས་སུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“མཐའ་ཚད་གཅིག་དང་གཙོ་གནད་གཉིས”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཉམས་གསོ་དང་། གསར་སྐྲུན། སྒྱུར་བཀོད་སོགས་སྲ་བརྟན་རིམ་སྤོར་གྱི་ལག་བསྟར་ཇུས་གཞི་རིགས་དབྱེ་ནས་བཟོས་ཡོད།
        2016ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཁག་དང་པོའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི་2100བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་36གི་དུད་ཚང་2869ཡི་མི་12858ཀྱི་འཐུང་ཆུའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་ཡོད། 2017ལོའི་ཟླ་7པའི་ཟླ་མཇུག་ཏུ་རྣམ་གྲངས་ཚང་མ་ལས་མཇུག་འགྲིལ་ནས་ལོ་དེའི་ཟླ་8ཚེས་15ཉིན་སྤྱོད་འགོ་ཚུགས་པ་རེད།
        2018ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་7.8གྲབས་གསོག་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་རིམ་སྤོར་ལས་གྲྭའི་འཛུགས་སྐྲུན་ལ་སྤྱད་ཡོད། མིག་སྔར་གྲོང་ཁྱེར་དེ་ཡོངས་སུ་རང་འབབ་ཆུ་ཀ་ལ་ཁྱབ་ཚད་93%ཟིན་པ་དང་། གྲོང་གསེབ་ཏུ་གཅིག་སྡུད་ཀྱིས་ཆུ་མཁོ་འདོན་བྱེད་ཚད་99.5%ཟིན་པ་དང་། ཆུ་མཁོ་འདོན་ཐུབ་ཚད་95%ཟིན་ཡོད་པ་རེད།
        སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ནི་ཆབ་མདོ་གྲོང་ཁྱེར་གྱིས་གཏན་ལ་འཁེལ་བའི་འཐབ་ཇུས་ཤིག་ཡིན། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོགས་དངུལ་སྲིད་ཇུས་40དོན་འཁྱོལ་ནན་པོ་བྱས་པའི་རྨང་གཞིའི་ཐོག ཆབ་མདོ་གྲོང་ཁྱེར་གྱིས་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་སློབ་མ་དབུལ་པོའི་གནད་སྨིན་དབུལ་སྐྱོར་གྱི་སློབ་གསོའི་རོགས་དངུལ་རོགས་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཚང་མར་ཁྱབ་ཡོད་པ་རེད།
        སྡོད་ཁང་བདེ་འཇགས་འགན་ལེན་བྱུང་ཚེ་བདེ་སྐྱིད་ལྡན་པའི་འཚོ་བར་རེ་བས་ཁེངས། རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་ལྔ་མདའ་གྲོང་ཚོའི་རྫ་ཆུ་གཙང་པོའི་འགྲམ་དུ་བསྐྲུན་པའི་སྡོད་ཁང་གསར་པ་དེ་དག་ནི་གྲོང་ཚོ་དེའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་ཞིག་རེད། 2017ལོའི་ཟླ4པར་གྲོང་ཚོ་དེའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་སྐྲུན་འགོ་ཚུགས་པ་དང་། 2017ལོའི་ཟླ་11པར་དུད་ཚང་37གྱི་མི་155སྡོད་ཁང་གསར་པར་སྤོས་ཡོད།
        གྲངས་གཞི་ལས་མངོན་པར། 2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་268བསྐྲུན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་9.9བཀོད་སྒྲིག་བྱས་པ་ཚང་མ་ད་ཆ་སྡོད་ཁང་གསར་པར་སྤོས་ཡོད། དེ་དང་ཆབས་ཅིག་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.78བཏང་ནས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཁྲི་1.68སྒྱུར་བཀོད་བྱས་པས་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ཉེན་ཡོད་སྡོད་ཁང་ཚང་མ་སྒྱུར་བཀོད་བྱུང་ཡོད།

        ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།
        ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“གསོ་ཚགས་རྟེན་གཞི་ཆེ་གྲས་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེ་གྲས་བདུན”གྱི་ཐོན་ལས་ཁྱབ་ཚུལ་ལ་དམིགས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། ཡུལ་སྐོར་རིག་གནས། ཚོང་དོན་འཁོར་རྒྱུག ཐོན་ཁུངས་གསར་སྤེལ་སོགས་ཐོན་ལས་རྣམ་གྲངས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་པ་རེད།
        གོ་འཇོ་རྫོང་ཨ་དབང་ཤང་མོ་ལུང་གྲོང་ཚོའི་ཕུར་བུ་ནི་ལོ་བཞིའི་གོང་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད།
        2017ལོར། གོ་འཇོ་རྫོང་ཨ་དབང་ལུག་གསོ་ཚགས་རོགས་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཕུར་བུས་ཨ་དབང་ལུག་50ཙམ་གསོ་ཚགས་བྱེད་པའི་འགན་གཙང་བླངས་པ་དང་། ལོ་གསུམ་སོང་རྗེས་ཁོང་ཁྱིམ་གྱི་ལུག་100ཙམ་བར་འཕེལ་བ་རེད།
        རོགས་སྐྱོར་སྲིད་ཇུས་ལ་གཞིགས་ན། ལུག་50གཏན་འཇགས་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལུག་ཕྲུག་གཉིས་གསོན་ན་ལུག་ཕྲུག་གཅིག་འཚོང་ཆོག་གི་ཡོད། ཕུར་བུས་ལག་རྩིས་རྒྱག་བཞིན་དགའ་སྤྲོའི་ངང“འདི་ལོའི་ལོ་མཇུག་ཏུ། ངས་ལུག་15འཚོང་ཐུབ་པ་དང་། ཁྲོམ་རའི་རིན་གོང་ལྟར་ལུག་གཅིག་ལ་སྒོར་2500བྱས་ནས་བཙོང་ན་ང་ལ་ཁེ་བཟང་སྒོར་40000ཙམ་རག་བཟོ་འདུག”ཅེས་བཤད་བྱུང་།
        རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་848ལས་འགོ་ཚུགས་པ་དང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་720ལེགས་གྲུབ་བྱུང་བའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་10ལྷག་ཙམ་དབུལ་སྒྲོལ་བྱུང་བ་ནི་ཆབ་མདོ་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བཏང་བ་ལས་ཐོབ་པའི་ཕན་པ་ཞིག་རེད།
        ལྗང་མདོག་སྣོད་བཅུད་དཔལ་འབྱོར་ནི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་དམངས་ཕྱུག་དམངས་ཕན་ཡོང་བ་བྱ་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཚོ་གནས་ཀྱི་ཆ་རྐྱེན་ཞན་རུང་། སྣོད་བཅུད་ཀྱི་མ་ལག་གལ་ཆེན་གྱི་སྲུང་སྐྱོང་དང་ཉམས་གསོ་བྱེད་དགོས་པའི་ས་ཁུལ་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ཟུང་འབྲེལ་བྱས་ནས་སྣོད་བཅུད་དབུལ་སྒྲོལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
        “གསེར་རི་དངུལ་རི་དགོས་ལ་སྔོ་ཞིང་དྭངས་བའི་རི་ཀླུང་ཡང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན། དེ་ནི་2015ལོའི་ཚུན་དུ་བྲག་གཡབ་རྫོང་གིས་མུའུ་ཁྲི་ཡི་དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་གཏོང་རྒྱུའི་དམ་བཅའ་ཞིག་རེད།
        ད་ཆ་འདས་ཟིན་པའི་ལོ་ལྔའི་ནང་མུའུ་11985དང་སྡོང་རྐང་ཁྲི་52ལྷག་ཙམ་ཟིན་པའི་ཀུ་ཤུའི་སྡོང་པོ་དང་ཁམ་སྡོང་སོགས་དཔལ་འབྱོར་ནགས་ཤིང་ལ་ཕན་འབྲས་རགས་ཙམ་ཐོན་ཡོད།
        མུའུ་ཁྲི་ཡི་དཔལ་འབྱོར་ནགས་ཚལ་སྐྲུན་ཐབས་མུ་མཐུད་ལག་བསྟར་བྱས་པར་བརྟེན་རི་བོ་དང་གཙང་འགྲམ་སྔོ་ལྗང་དུ་གྱུར་པ་དང་སྣོད་བཅུད་སྲུང་སྐྱོང་ཐུབ་པ་མ་ཟད། ངལ་རྩོལ་ནང་ཞུགས་མཁན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་158ལ་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་4500བྱུང་བ་རེད།
        2018ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་དཔལ་འབྱོར་ནགས་ཚལ་མུའུ་26239བསྐྲུན་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1287གྱི་མི་6211ལ་སྣེ་ཁྲིད་ཐུབ་ནས་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3300ལྷག་ཙམ་བྱུང་ཡོད། ནགས་ཤིང་མྱུག་སོན་རྟེན་གཞི་མུའུ་11502བསྐྲུན་རྗེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་423གྱི་མི་1999ལ་སྣེ་ཁྲིད་ཐུབ་ནས་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4200ལྷག་ཙམ་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1