ཞི་ཅིན་ཕིང་གིས་ནམ་ཟླ་ལེགས་བཅོས་སྤོབས་པའི་མཐོ་རིམ་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-14



        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་ནམ་ཟླ་ལེགས་བཅོས་སྤོབས་པའི་མཐོ་རིམ་གྲོས་ཚོགས་སྟེང་བརྙན་རིས་བརྒྱུད་དེ་ཁ་ཡིག་ལ་སྔ་འཛིན་ཕྱི་གཏོད་ཀྱིས་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བགྲོད་ལམ་གསར་པ་འབྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོ་རྒྱལ་ཁབ་ཀྱིས་རང་བདག་གིས་བྱས་རྗེས་འཇོག་པའི་བྱེད་ཐབས་གསར་པ་ཁྱབ་བསྒྲགས་གནང་།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་སྔོན་ལ། རྒྱལ་ཁབ་སོ་སོའི་འགོ་ཁྲིད་པས་ཆབ་སྲིད་ཀྱི་ཆོད་སེམས་དང་བློ་གྲོས་ཆེས་ཆེན་པོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཕ་རི་སིའི་ཆོད་དོན་བཀོད། ལོ་ལྔའི་རིང་ལ། ཕ་རི་སིའི་ཆོད་དོན་ལག་བསྟར་གྱི་དུས་རིམ་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དེར་རྒྱབ་སྐྱོར་དང་ཟབ་ཞུགས་བྱས། དེང་སྐབས་རྒྱལ་སྤྱིའི་རྣམ་པར་མྱུར་དུ་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱིས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བར་བསམ་གཞིགས་ཞིབ་མོ་གཏོང་དུ་བཅུག་པ་དང་། འཛམ་གླིང་ཡོངས་ཀྱི་ནམ་ཟླ་ལེགས་བཅོས་ཀྱི་མ་འོངས་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།
        ཞི་ཅིན་ཕིང་གིས་གྲོས་གཞི་གསུམ་བཏོན། གཅིག མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མཉམ་ལས་མཉམ་རྒྱལ་གྱི་ནམ་ཟླ་ལེགས་བཅོས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། ནམ་ཟླའི་འགྱུར་ལྡོག་གི་འགྲན་སློང་གི་མདུན་ནས། མིའི་རིགས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོས་ཕ་རི་སིའི་ཆོད་དོན་ལ་རྒྱབ་སྐྱོར་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་དགའ་བསུ་ཞུ་བཞིན་ཡོད། གཉིས། སྤོབས་པ་ཇེ་ཆེར་བཏང་ནས་སོ་སོས་རང་ནུས་ཅི་ཡོད་འདོན་པའི་ནམ་ཟླ་ལེགས་བཅོས་ཀྱི་མ་ལག་གསར་པ་ཆགས་པར་བྱེད་དགོས། རྒྱལ་ཁབ་སོ་སོས་ཐུན་མོང་དང་ཐུན་མིན་འགན་ཁུར་རྩ་དོན་བརྩི་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་ནུས་པར་གཞིགས་ཏེ་ཚད་ཆེས་མཐོ་བའི་སྒོ་ནས་འགུལ་སྐྱོད་ལ་ཤུགས་སྣོན་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མ་དངུལ་དང་ལག་རྩལ། བྱེད་ནུས་བཅས་ཀྱི་ཐད་ནས་རྒྱལ་སྐྱོར་བྱེད་ཤུགས་དངོས་སུ་ཇེ་ཆེར་གཏོང་དགོས། གསུམ། ཡིད་ཆེས་ཇེ་ཆེར་བཏང་ནས་ལྗང་མདོག་སླར་གསོའི་ནམ་ཟླ་ལེགས་བཅོས་ཀྱི་བསམ་ཕྱོགས་གསར་པ་རྒྱུན་འཁྱོངས་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་དར་སྤེལ་ཆེན་པོ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ཁྲོད་དུ་འཕེལ་རྒྱས་ཀྱི་གོ་སྐབས་དང་སྒུལ་ཤུགས་འཚོལ་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཕ་རི་སིའི་ཆོད་དོན་འགོད་པར་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ཕ་རི་སིའི་ཆོད་དོན་ཧུར་ཐག་གིས་དོན་འཁྱོལ་བྱེད་མཁན་ཡིན། ཀྲུང་གོས་རྒྱལ་ཁབ་ཀྱིས་རང་བདག་གིས་བྱས་རྗེས་འབུལ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་ལ། ངས་འདིར་ཡང་བསྐྱར་ཁྱབ་བསྒྲགས་བྱེད་འདོད་དེ། ཉིས་སྟོང་སུམ་ཅུ་ལོར་བསླེབ་སྐབས་ཀྲུང་གོའི་ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ཐད་ཀྱི་དབྱང་གཉིས་ཐན་འགྱུར་ཕྱིར་གཏོང་ཚད་ཉིས་སྟོང་ལྔ་ལོ་ནས་བརྒྱ་ཆའི་རེ་དྲུག་ཡན་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ་དང་། འགྱུར་རྡོ་མ་ཡིན་པའི་ནུས་ཁུངས་ཀྱིས་ཐེངས་གཅིག་ནུས་ཁུངས་འཛད་སྤྱོད་ཁྲོད་ཟིན་ཚད་བརྒྱ་ཆའི་ཉེར་ལྔ་ཡས་མས་སུ་བསླེབ་པར་བྱ་རྒྱུ་ཡིན་ལ། ནགས་ཚལ་གསོག་ཚད་ཉིས་སྟོང་ལྔ་ལོ་ནས་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་དྲུག་གིས་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང་། རླུང་གློག་དང་ཉི་གློག་འདོན་པའི་སྒྲིག་ཆས་ཀྱི་སྤྱིའི་ཤོང་ཚད་སྟོང་ཝ་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཡན་ལ་བསླེབ་པར་བྱ་རྒྱུ་ཡིན། ཀྲུང་གོས་གནའ་ནས་བཟུང་དམ་བཅའ་བརྩི་སྲུང་བྱེད་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ཁྲིད་སྟོན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་ཡར་སྐུལ་བྱེད་རྒྱུ་ཡིན་པ་དང་། གོང་གི་དམིགས་འབེན་དངོས་སུ་དོན་འཁྱོལ་བྱས་ཏེ་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།
        ཞི་ཅིན་ཕིང་གིས་མཇུག་མཐར་སའི་གོ་ལ་ནི་མིའི་རིགས་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་གཅིག་པུ་དེ་ཡིན་པས། ང་ཚོས་སྔ་འཛིན་ཕྱི་གཏོད་དང་དཔུང་སྦྲེལ་མཉམ་སྐྱོད་ཀྱིས་ཕ་རི་སིའི་ཆོད་དོན་མུ་མཐུད་དུ་དོན་འཁྱོལ་བྱེད་པར་རོགས་འདེགས་བྱས་ཏེ། འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བགྲོད་ལམ་གསར་པ་འབྱེད་དགོས་ཞེས་ནན་གྱིས་བསྟན།
        ནམ་ཟླ་ལེགས་བཅོས་སྤོབས་པའི་མཐོ་རིམ་གྲོས་ཚོགས་ནི་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་གྲོས་གཞི་བཏོན་ནས་བསྡུས་པ་ཡིན་ལ། དེའི་དམིགས་ཡུལ་ནི་ཕ་རི་སིའི་ཆོད་དོན་བཀོད་ནས་ལོ་ངོ་ལྔ་ལོན་པར་དྲན་གསོ་ཞུ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འགུལ་སྐྱོད་ལ་ཤུགས་སྣོན་པར་སྔར་ལས་སྐུལ་སློང་བྱས་ཏེ། ཕྱོགས་མང་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1