2020ལོའི་ས་མཐོའི་དར་གོས་ལམ་བུའི་ཡུལ་སྐོར་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཁྲེང་ཏུའུ་ནས་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-15



     ཀྲུང་གོ་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ནི་མཚོ་བོད་ས་མཐོའི་དབུས་སུ་གནས་ཤིང་། “འཛམ་གླིང་ཡང་རྩེ”དང“གླིང་སྣེ་གསུམ་པ” “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་སྲོལ་ཡོད་ལ། དེ་ནི་སྐམ་སའི་དར་གོས་ལམ་བུའི་བགྲོད་ལམ་གལ་ཆེན་ཞིག་རེད། ཟླ་12ཚེས་10ཉིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པའི་2020ལོའི་ས་མཐོའི་དར་གོས་ལམ་བུའི་ཡུལ་སྐོར་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ཀྱིས“བོད་ལྗོངས་གསར་པར་སྤྲོ་བས་རོལ། གླིང་སྣེ་གསུམ་པར་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་ལ། དེའི་དམིགས་ཡུལ་ནི་ས་མཐོའི་དར་གོས་ལམ་བུའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་ཞིབ་བྱས་ནས། ས་ཁོངས་མཉམ་འགུལ་མཐུན་སྦྱོར་ཧུར་ཐག་བྱས་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། སྔར་བས་སྒོ་དབྱེ་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་ཡུལ་སྐོར་ཐོན་ཁུངས་འབྲེལ་མཐུད་ཐུབ་པ་བྱེད་པ་དང་། ས་ཁོངས་དབར་གྱི་མཉམ་ལས་དང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མི་དམངས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
     བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་ཤིས་ཚིག་ཕུལ་དུས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་རྗེས། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུས་བོད་ཀྱི་རིག་གནས་དང་ཡུལ་སྐོར་བགྲོ་གླེང་ཚོགས་འདུ་འཚོགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དར་གོས་ལམ་བུ་གཏོད་རྒྱུའི་ཞིབ་ཕྲའི་ལས་འགན་གཏན་འཁེལ་བྱས་པ་རེད།
     ཝང་སུང་ཕིང་གིས། ས་མཐོའི་དར་གོས་ལམ་བུ་ནི་འཛམ་གླིང་ཐོག་གི་ལོ་རྒྱུས་བར་ཁྱམས་མཐོ་ཤོས་ཡིན་ལ། དེས་མཚོ་བོད་ས་མཐོ་དང་ཧི་མ་ལ་ཡ་བརྒལ་བས། གནའ་བོའི་དར་གོས་ལམ་བུ་ཤེས་དཔལ་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ཚོང་དོན་འཁོར་རྒྱུག་གི་ལམ་བུ་དང་། ལོ་རྒྱུས་དང་རིག་གནས་སྤེལ་རེས་ཀྱི་ལམ་བུ། གཉེན་སྒྲིག་མཐུན་སྦྱོར་གྱི་ལམ་བུ་བཅས་ཡིན་པ་མ་ཟད། མི་རིགས་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་ཡང་ཡིན། དེས་མཚོ་བོད་ས་མཐོའི་ལམ་རྒྱུད་ས་ཁུལ་གྱི་དར་རྒྱས་ཆེན་པོ་དང་མཉམ་འདྲེས་ཆེན་པོ་ལ་སྐུལ་མ་བཏང་བ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་ཀྱི“སྣ་མང་གཞི་གཅིག་ཅན”གྱི་རྣམ་པ་ཆེན་པོ་མངོན་ཡོད།
     སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས“ལོ་2000ལྷག་གི་སྔོན་དུ། ང་ཚོའི་མེས་པོས་ཐུན་མོང་ཐོག་དར་གོས་ཚོང་ལམ་བཏོད་པ་དང་། ཤར་ནུབ་རྒྱལ་ཁབ་ཁག་བར་མཛའ་མཐུན་འགྲོ་འོང་བྱེད་པའི་འབྲེལ་ཐག་ཕྱེ་བ། མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་འོད་སྟོང་འབར་བའི་ལེ་ཚན་བརྩམ་པ་རེད”ཅེས་བརྗོད་པ་དང་། “འབྱུང་འགྱུར་ལ་ཁ་ཕྱོགས། ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་མགྱོགས་སུ་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཚན་རིག་དང་མཐུན་པའི་གོ་དོན་ཁོང་དུ་ཡང་དག་ཆུད་ནས། སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་དང་གསར་གཏོད་འཕེལ་རྒྱས་བཏང་སྟེ་ཇ་རྟའི་གནའ་ལམ་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་ལས་གྲོགས་རྣམ་པ་དང་མཉམ་དུ་ལྷག་བསམ་རྣམ་དག་གིས་མཉམ་ལས་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་རྒྱུ་ཡིན”ཞེས་བརྗོད།
     བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་མཐའ་འཁོར་ས་ཁོངས་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། སི་ཁྲོན་དང་ཁྲུང་ཆིང་གྲོང་ཁྱེར་མུ་ཁྱུད་ཀྱི་འཐབ་ཇུས་དང་དེ་བཞིན་ཁྲོན་བོད་ལྕགས་ལམ་དང་། གཞུང་ལམ། མཁའ་ལམ། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དེ་སེམས་ཀྱི་ཉི་ཟླ་ཆེན་པོ་དང་། ཇ་རྟའི་གནའ་ལམ། བོད་ཆའང་དབྱིས་ཀྱི་བར་ཁྱམས། ཁྲོན་བོད་སྦྲག་ལམ་བཅས་དང་མཉམ་དུ་འདྲེས་བར་བྱས་ནས། “གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་མཉམ་འདྲེས། མཉམ་དུ་ཡིད་སྨོན་བྱེད་པ”ཞེས་པའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། (http://tibet.people.com.cn/15832604.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1