བྱམས་པ་དཀོན་མཆོག་ལ་རྒྱལ་ཡོངས་ལུས་རྩལ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-15


དཀར་མཛེས་ཁུལ་གྱི་སྟག་ཤར་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་སྡུར་ནང་བྱ་དགའ་ཨང་དང་པོ་བླངས།

པར་འདི་ནི་བྱམས་པ་དཀོན་མཆོག་བྱ་དགའ་ལེན་སར་ལངས་ཡོད་པའི་ཚུལ་རེད།


ཉེ་ཆར། 2020ལོའི་རྒྱལ་ཡོངས་ཀྱི་འགྲན་རྩལ་ཨང་དང་པོ་བསྡུར་བའི་ཐོག་མཐའ་ཐུག་སྐར་མ13.800རག་ནས་སྐྱེས་པའི་རྩལ་ཤིང་ཡ་ཅན་གྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་མཁན་དེ་རྒྱལ་ཡོངས་རིམ་པའི་རྩལ་སྦྱོང་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་མཁན་བོད་ཀྱི་ལུས་རྩལ་པ་ཐོག་མ་དང་པེ་ཅིང་རྩལ་སྦྱོང་རུ་ཁག་གི་དཀར་མཛེས་ཁུལ་གྱི་སྟག་ཤར་བྱམས་པ་དཀོན་མཆོག་ཡིན་པ་རེད།

སྤྱི་ཟླ10པའི་ཚེས26ཉིན་ཁོ་འགྲན་སྡུར་ནང་ཞུགས་པའི་བརྙན་བརྡའི་འགུལ་ཚད་དང་འདྲ་པར་དག་དྲྭ་ཐོག་ཏུ་བརྒྱུད་སྐུར་བྱས་པ་རེད། སེམས་འགུལ་ཐེབས་པའི་བརྙན་བརྡའི་འགུལ་ཚད་དང་འདྲ་པར་དག་ག་ས་གར་ཁྱབ་ནས་ཆུ་ཚོད3ནང་ཚུད་དུ་བྱམས་པ་དཀོན་མཆོག་དྲྭ་གྲགས་སུ་གྱུར་པར་མ་ཟད། ད་དུང་དྲྭ་གྲོགས་ཚོས་ཆེས་རྫིགས་ཉམས་ལྡན་པའི་ཁམས་པའི་ཕོ་རྒོད་ཞེས་མཚན་སྙན་བྱིན་ཡོད་པ་རེད།

ལག་ཁྱེར་ཁ་པར་ཐོག་བྱམས་པ་དཀོན་མཆོག་འགྲན་སྡུར་ནང་ཞུགས་པའི་བརྙན་བརྡའི་འགུལ་ཚད་ལ་ཡང་ཡང་བལྟས་པ་ནི་བློ་དགས་ཉིན་རྟག་པར་ངེས་པར་དུ་བལྟ་དགོས་པའི་བརྙན་འཕྲིན་ཡིན་པ་རེད། ཁོས་སྟག་ཤར་འདིས་བྱ་དགའ་ཨང་དང་པོ་བླངས་པ་ནི་ངེད་ཁྱིམ་མི་ཡོངས་ཀྱི་གཟི་བརྗིད་ཡིན། ཁ་པར་ཐོག་པེ་ཅིང་ཡུལ་སྐད་བཤད་མཁན་གྱི་སྐྱེས་པ་དར་མ་འདི་ནི་དཀར་མཛེས་རྫོང་གི་ཡུལ་མི་འཁྲུལ་མེད་ཡིན་པ་ནི་བསམ་ཡུལ་འདས་པ་ཞིག་རེད།

1990ལོར་ཡ་གླིང་ལུས་རྩལ་འགྲན་ཚོགས་དེ་པེ་ཅིང་དུ་འཛུགས་གཉེར་བྱས་པ་རེད། བློ་དགས་བརྙན་འཕྲིན་ཐོག་འགྲན་བསྡུར་ཁྲོད་ཀྱི་དངོས་ཡོད་གནས་ཚུལ་མཐོང་ནས་རྒྱལ་ས་པེ་ཅིང་ལ་གཅིག་སླེབས་ན་ཅི་མ་རུང་ཞེས་ཡིད་སྨོན་བྱས་མྱོང་། ལོ་དེར་ཁོས་རང་ཉིད་ཀྱི་ཕུགས་འདུན་བཅངས་ནས་ཕ་ཡུལ་དཀར་མཛེས་རྫོང་དང་ཁ་གྱེས་ཏེ་པེ་ཅིང་གྲོང་ཁྱེར་དུ་རང་དགར་སྤྲོ་སེང་གཏོང་མཁན་ལྟ་བུ་བྱས།

1992ལོར་ཁོ་རང་པེ་ཅིང་གྱི་ས་འོག་སྡོད་ཁང་དུ་གཏན་སྡོད་བྱེད་ཐུབ་པ་བྱུང་ནས་དཀའ་ངལ་ཁྱད་བསད་ཀྱིས་ལས་ལམ་གསར་གཏོད་ཀྱི་ལམ་བུར་བསྐྱོད། 1995ལོར་དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་ཡོད་སྟབས་ཁོས་བཟའ་ཟླ་པེ་ཅིང་དུ་ཁྲིད་འོངས་པ་རེད།

1999ལོར་ཡ་གླིང་གི་དགུན་དུས་ལུས་རྩལ་འགྲན་ཚོགས་དེ་ཧན་གོ་རྒྱལ་ཁབ་ཀྱི་ཅང་ཡོན་ལ་འཛུགས་གཉེར་བྱས་པ་རེད། ཐེངས་དེར་བློ་དགས་བཟའ་ཟླ་དང་མཉམ་དུ་མགོ་ཚུགས་མཛད་སྒོའི་བརྙན་འཕྲིན་ལ་བལྟས་ཤིང་། ལུས་རྩལ་པ་ཚོའི་ཡིད་དབང་འཕྲོག་པའི་སྣང་ཚུལ་དེ་དག་མཐོང་སྐབས་ཁོས་རང་གི་བུ་ཕྲུག་གཉིས་ལ་རེ་བས་ཁེངས་ནས་བུ་དགའ་མོ་ཡིན་ན་འགྲན་བསྡུར་ཁྲོད་དུ་དཔལ་རྩལ་ངོམས་དགོས་པ་རེད་ཅེས་བཤད།

ཁོས་རང་ཉིད་ཀྱི་འཆར་གཞི་ལྟར་ལུས་རྩལ་ལམ་བུར་རང་གི་ཕྲུ་གུ་གཉིས་ཁྲིད་ནས་བློ་སྟོབས་ཉམས་མེད་ཀྱིས་མདུན་སྐྱོད་བྱས་མཐར། མཐའ་གཏུག་བློ་དགའ་བཟའ་མི་གཉིས་ཀྱི་བུ་ཆེ་བ་པད་མ་རྒྱལ་མཚན་གྱིས་པེ་ཅིང་གྲོང་ཁྱེར་གྱི་དྲག་རྩལ་འགྲན་སྡུར་ཐོག་ཨང་དང་པོའི་བྱ་དགའ་བླངས། སྐབས་དེར་ཕྲུ་གུ་དམར་འབྱར་ཡིན་པའི་བྱམས་པ་དཀོན་མཆོག་གིས་ལོ་ངོ21འགོར་རྗེས་པེ་ཅིང་རུ་ཁག་གི་འཐུས་ཚབ་བྱས་ནས2020ལོའི་རྒྱལ་ཡོངས་ཀྱི་འགྲན་རྩལ་ཨང་དང་པོ་བསྡུར་བའི་ཐོག་སྐྱེས་པའི་རྩལ་ཤིང་གི་གསེར་གྱི་རྟགས་མའི་བྱ་དགའ་བླངས་པ་རེད།

ལོ་བཅུ་ཕྲག་འགའ་ཡི་རིང་གཟི་བརྗིད་ཀྱི་མཚན་སྙན་ཐོབ་པའི་ལག་ཁྱེར་སྦྱར་སའི་གྱང་ངོས་སུ་བོད་པའི་བུ་ཕྲུག་འདི་པེ་ཅིང་དུ་འཚར་ལོངས་བྱུང་བའི་ལོ་རྒྱུས་བཀོད་ཡོད་ལ། ཨ་ཕས་ཕྲུ་གུ་ལ་བཅངས་པའི་བརྩེ་སེམས་དང་རེ་བའི་ཟིན་ཐོ་ཡང་བཀོད་ཡོད་པ་རེད།

སྤྲོ་སྐྱིད་ཁང་དེས་ལོ་ན4ལ་སོན་པའི་བྱེས་པའི་ལུས་རྩལ་སྦྱོང་རར་ཞུགས་པའི་བསམ་དོན་འགྲུབ།

2003ལོར་པེ་ཅིང་གྲོང་ཁྱེར་གྱི་རིམ་པ་བཞི་པའི་སྤྲོ་སྐྱིད་ཁང་གི་མི་སྣས་བྱིས་པ་ཁང་དུ་ན་གཞོན་རྒྱུད་འཛིན་པ་འཚོལ་དུ་ཡོང་ཚེ་ལོ་ན4ལ་སོན་པའི་བྱམས་པ་དཀོན་མཆོག་དང་འཕྲད། སྤྲོ་སྐྱིད་ཁང་གི་མི་སྣས་དགའ་སྤྲོའི་ངང་འཕགས་མཆོང་བྱེད་བཞིན་པའི་བུ་ཕྲུ་དེ་མཐོང་མ་ཐག་བློར་བབ་སོང་བ་རེད།

ལོ་དེར་ཕྲུ་གུས་ཁོ་རང་ལུས་རྩལ་སྦྱོང་འདོད་ཡོད་པའི་བསམ་ཚུལ་བཤད་ཚེ་ང་རང་ཧ་ཅང་ཡ་མཚན་སྐྱེས་མྱོང་མོད། འོན་ཀྱང་ཁོ་རང་དངོས་གནས་ལུས་རྩལ་སྦྱོང་རྒྱུར་དགའ་ན་སྦྱོང་འཇུག་བསམ་པ་ཡིན། བློ་དགས་ཕྱིར་དྲན་བྱེད་སྐབས་དཀོན་མཆོག་གི་ལུས་རྩལ་སྦྱོང་བའི་ལམ་བུ་དེ་ནས་མགོ་བརྩམས་སོང་། ཡིན་ནའང་དངོས་སུ་སྦྱོང་བརྡར་བྱས་རྗེས་ཡུན་རིང་མ་འགོར་ནས་དཀོན་མཆོག་གིས་དཀའ་སྡུག་ཆེན་པོ་དེར་མྱུར་དུ་བཟོད་དཀའ་བར་གྱུར།

དཀའ་སྡུག་ཅུང་མ་མྱོང་ན་ལུས་རྩལ་ཇི་ལྟར་སྦྱོང་ཐུབ། བློ་དགས་དཀོན་མཆོན་ལ་ཁྱོད་རང་གི་མིང་ནི་དཀོན་ཞིང་མཆོག་ཏུ་གྱུར་པའི་དོན་ཡིན་པས། ཁྱོད་རང་དཀོན་ཞིང་མཆོག་ཏུ་གྱུར་པའི་ནོར་བུ་ལྟར་རང་ཉིད་ཀྱི་རིན་ཐང་འཚོལ་དགོས། བློ་དགས་ཉིན་རེ་བཞིན་དཀོན་མཆོག་སྦྱོང་བརྡར་བྱེད་སར་བསྐྱལ་མ་ཐག་ཡུད་ཙམ་ཡང་འགོར་འགྱངས་མེད་པའི་སྒོས་ཕྱིར་ལོག་པ་ཡིན། སྔར་ནས་ཕྲུ་གུ་འགྲན་སྡུར་ནང་ཞུགས་པར་མཐོང་ཐུབ་པའི་ཆེད་དུ་ངས་བཟོད་པ་ཆེན་པོས་ཁོ་རང་སྦྱོང་བརྡར་བྱེད་བཅུག་ན་མ་གཏོགས་ཐབས་གཞན་མེད་པ་རེད་ཅེས་བཤད།

ཉིན་རེ་བཞིན་སྦྱོང་བརྡར་བྱས་ནས་དཀོན་མཆོག་རིམ་བཞིན་འཚར་ལོངས་བྱུང་སྟེ་ཚད་མཐུན་དང་ཕུལ་བྱུང་གི་ལུས་རྩལ་པ་ཞིག་ཏུ་གྱུར་བས། ཕྲུ་གུ་འདིས་རང་ཉིད་ཀྱིས་མྱོང་བའི་དཀའ་སྡུག་ཆུས་ཟོས་སུ་གཏོང་མེད་ལ། ཚང་མར་དྲིན་ལན་དེ་བས་ཀྱང་ལོག་འཇལ་བྱས་མེད་པ་རེད།

འགྲན་རའི་ཁྲོད་དཔལ་རྩལ་ངོམས་ནས་རང་ཉིད་ཀྱི་བསམ་དོན་གྲུབ།

རིམ་པ་བཞི་པའི་སྤྲོ་སྐྱིད་ཁང་ནས་རིམ་པ་དང་པོའི་ལུས་རྩལ་སློབ་གྲྭའི་བར། སྤྲོ་སྐྱིད་ཁང་གི་སློབ་བུ་ཞིག་ཡིན་པ་ནས་རྒྱལ་ཡོངས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ་མཁན་ཡིན་པའི་བར་གྱི་ལོ17རིང་། བྱམས་པ་དཀོན་མཆོག་གིས་རྩལ་སྦྱོང་གི་ལམ་བུ་ཀྱག་ཀྱོག་ཏུ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་གང་ཐུབ་བྱས།

སྦྱོང་བརྡར་བྱེད་རིང་དུ་ང་རང་ལ་རྨས་སྐྱོན་ཆེན་པོ་ཐེངས་གཉིས་ཐེབས་མྱོང་། སྐབས་དེར་ང་རང་ལས་རིགས་སློབ་སྦྱོང་གི་ལོ་རྒྱུས་རྫོགས་ཚར་བའི་སྣང་བ་འཆར་ནས་སེམས་ཤུགས་ཧ་ཅང་ཉམས་སྐབས། ཨ་ཕ་བློ་དགས་གེ་སར་རྒྱལ་པོ་ལོ་ན་ཆུང་བའི་དུས་སུ་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་ཞིག་ཡིན། དཀའ་སྡུག་ཚད་མེད་མྱངས་ནས་མཐའ་རྟ་རྒྱུག་རྒྱན་འཇོག་ལས་རྒྱལ་ཁ་ཐོབ་ནས་བཙན་པོ་གཉའ་ནས་གནོན་ཏེ་ཉམ་ཆུང་མཐའ་ནས་བསྐྱོང་སྟེ་རང་ཚོའི་བོད་མི་རིགས་ཀྱི་དཔལ་བོ་ཆེན་པོར་གྱུར་པ་རེད། དཀའ་ངལ་ནི་སྦྱོང་བརྡར་ཞིག་རེད། དཀའ་ངལ་ལས་རྣམ་པ་རྒྱལ་བའི་དགའ་སྤྲོ་ནི་མི་ཚེའི་གྲུབ་འབྲས་ཆེས་ཆེ་བ་དེ་རེད་ ཅེས་སྐུལ་སློང་ཡང་ཡང་བྱས་མྱོང་བ་རེད། སྐུལ་མ་རབ་ཏུ་ཐེབས་པའི་བྱམས་པ་དཀོན་མཆོག་གིས་རྨས་སྐྱོན་དྲགས་རྗེས་མི་གཞན་པ་ལས་ལྷག་པར་དུ་འབད་བརྩོན་བྱས་ཏེ་སྦྱོང་བརྡར་བྱས་པས།མཐར་སྔར་བཞིན་གཟུགས་པོ་བདེ་ལྕག་འཁྱུག་པོ་ཡོང་ཐུབ་པ་རེད།

པེ་ཅིང་ལུས་རྩལ་རུ་ཁག་གི་ལུས་རྩལ་པ་བདེམས་སྒྲུག་བྱེད་པའི་ལས་ཀ་ནི་དུས་ཡུན་རིང་ལ་ཡ་ང་དང་སྙིང་རྗེ་མེད་པའི་རྒྱུད་རིམ་ཞིག་ཡིན་པ་རེད། རིམ་པ་རེ་རེ་བཞིན་དུ་གདམ་གསེས་དང་འགག་གནས་སྒྲོལ་བ་དང་། འགྲན་བསྡུར་སྣ་ཚོགས་ཀྱི་ཚད་ལེན་ཚོད་ལྟ་བྱས་པར་བརྒྱུད་ནས་ལུས་རྩལ་སློབ་གྲྭར་འགྲོ་ཐུབ་པ་དང་། དེ་ནས་རིམ་པ་བཞི་པ་ནས་གསུམ་པ་དང་གཉིས་པ་བཅས་ལ་སྤར་ནས། མཐའ་ཐུག་རྩལ་འགྲན་གྱི་ཉམས་སད་ཐེབས་རྗེས་ད་གཟོད་རུ་ཁག་ཏུ་སྡོད་པའི་ཐོབ་ཐང་ཡོད་ཅིང་། རུ་མི་ཡོངས་ཀྱིས་ཉིན་རེར་མ་མཐའ་ཡང་ཆུ་ཚོད4ནས5བར་དུ་སྦྱོང་བརྡར་དྲག་པོ་བྱ་དགོས་ཀྱིན་ཡོད་པ་རེད།

དཀོན་མཆོག་གིས་ཉིན་རེ་བཞིན་སྦྱོང་བརྡར་བརྟན་པོ་བྱེད་དགོས་པར་བརྟེན། ང་ཚོའི་རུ་ཁག་གི་ཚོགས་པའི་སྦྱོང་བརྡར་ཁྲོད་ཁོ་རང་ནི་གཙོ་ཤུགས་རུ་མི་ཡིན་པ་ནི་བཤད་མ་དགོས་པ་རེད། ཐེངས་འདིར་གྲུབ་འབྲས་ཡག་པོ་འདི་ལྟར་ཐོབ་ནས་ང་ཚོའི་རུ་མི་ཡོངས་རྫོགས་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། པེ་ཅིང་ལུས་རྩལ་རུ་ཁག་གི་རྩལ་སློབ་དགེ་རྒན་ཁྲེན་ཀང་གིས་བྱམས་པ་དཀོན་མཆོག་གི་ཆེད་སྦྱོང་གཙོ་བོ་ནི་རྩལ་ཤིང་ཡ་ཅན་ཡིན་རུང་ཤིང་རྟ་རྩལ་རྩེད་དང་རྩལ་ཤིང་ཆ་ཅན་སོགས་ཀྱི་སྦྱངས་འབྲས་ཀྱང་ཡག་པོ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ཁྲེན་ཀང་གིས་རུ་ཁག་འདིའི་ནང་དུ་བྱམས་པ་དཀོན་མཆོག་ནི་ཆེས་རྩེ་གྲས་ཀྱི་ལུས་རྩལ་པ་ཡིན། རྩལ་ཤིང་ཡ་ཅན་དང་ཆ་ཅན། དཔྱང་ལུང་རྩལ་རྩེད་ཤིང་རྟ་སོགས་གང་ཡིན་རུང་ཁོ་རང་གི་དགེ་མཚན་ལྡན་པའི་ཁྱད་ཆོས་དང་ཧ་ཅང་མཐུན་པར་བརྟེན། ཚོགས་པའི་འགྲན་བསྡུར་ཁྲོད་ཁོ་རང་གིས་རྒྱུན་དུ་གོ་ཆོད་པའི་ཐོབ་སྐར་མི་ཉུང་བ་ཞིག་གསོག་འཇོག་བྱེད་ཐུབ་པ་རེད་ཅེས་བཤད་པ་རེད།

ཨང་དང་པོའི་བྱ་དགའ་ཐོབ་ནས་དགའ་སྤྲོ་ཚད་མེད་སྐྱེས་པ་ནི་སྨོས་ཅི་དགོས། ཁྱིམ་མི་ཡོངས་ཀྱིས་སྔར་བཞིན་རྒྱབ་སྐྱོར་དང་རྩལ་སྦྱོང་དགེ་རྒན་གྱིས་མཛུབ་སྟོན་བྱས་པར་བཀའ་དྲིན་ཆེ། ཐེངས་འདིར་རང་ཉིད་རྩལ་སྦྱོང་རྣམ་གྲངས་རྐྱང་མའི་ཨང་དང་པོའི་བྱ་དགའ་ཐོབ་མཁན་བོད་ཀྱི་ལུས་རྩལ་པ་དང་པོ་ཡིན་པ་ཤེས་སྐབས་བྱམས་པ་དཀོན་མཆོག་གིས་སྤོབས་སེམས་དང་འཚབ་འཚུབ་མེད་པའི་སྒོས་བོད་པའི་བུ་ཕྲུག་ལ་གེ་སར་རྒྱལ་པོའི་དཔའ་ལྟར་ཡོད་དགོས་ཅེས་བཤད་པ་རེད།

འགྲན་བསྡུར་ནང་ཐེངས་མང་ཞུགས་རྗེས་རིམ་པ་ཡང་ཇེ་མཐོར་ཕྱིན་ནས་ཉམས་མྱོང་ཇེ་མང་དང་བྱ་དགའ་ཇེ་མང་ཡོད་པ་རེད། ཡིན་ནའང་གསར་འགོད་པས་བྱམས་པ་དཀོན་མཆོག་ལ་ལུས་རྩལ་སྦྱོང་བརྡར་བྱེད་སྐབས་ཀྱི་ཚོར་སྣང་དྲིས་སྐབས། ཁོས་ཆེས་བརྗེད་པ་དཀའ་བ་ནི་སྔར་བཞིན་ཆུང་དུས་འཚར་ལོངས་ཡོང་སྐབས་ཁོ་རང་ལ་སྐུལ་མ་བཏང་བའི་སྐད་ཆ་དེ་ཡིན་ཞེས་བཤད་པ་རེད།

བོད་པའི་གཞོན་ནུས་འགྲན་རར་སྐྱོད་ཐུབ་པའི་རེ་བ་བཅངས།

ཉིན་རེ་བཞིན་གྱི་སྦྱོང་བརྡར་བྱས་རྗེས་ལུས་རྩལ་རུ་ཁག་གི་ལུས་རྩལ་པ་ཚང་མ་པེ་ཅིང་ལུས་རྩལ་སློབ་ཆེན་དུ་ཕྱིན་ནས་ཕུལ་བྱུང་ལུས་རྩལ་པའི་འཛིན་གྲྭར་མུ་མཐུད་དེ་སློབ་སྦྱོང་བྱེད་དགོས་པ་རེད། བྱམས་པ་དཀོན་མཆོག་ཀྱང་ཁོ་ཚོ་དང་འདྲ་བ་སྦྱོང་བརྡར་དང་སློབ་སྦྱོང་གི་ལས་འགན་འགྲུབ་རྗེས་སྡོད་ཁང་གཅིག་པའི་གྲོགས་པོ་དང་མཉམ་དུ་གློག་ལམ་དྲྭ་བའི་ཐོག་རྩེད་འཇོལ་བྱ་རྒྱུ་དང་བརྙན་ཐུང་ལ་བལྟ་རྒྱུ་ཡིན་མོད། ཡིན་ནའང་ཉིན་རེ་བཞིན་ཁོམ་པ་ཡོད་དུས་ཁོས་པེ་ཅིང་དང་སྤྱི་ལེ2000ཙམ་རྒྱང་བའི་དཀར་མཛེས་ཁུལ་ལ་ཆེས་དོ་སྣང་བྱེད་བཞིན་པ་རེད།ཁོས་ང་རང་པེ་ཅིང་ལ་སྐྱེ་བ་ཡིན། ཆུང་དུས་ནས་ཕ་ཡུལ་དཀར་མཛེས་ལ་ཧ་ཅང་ཡིད་སྨོན་བྱས་དང་བྱེད་བཞིན་ཡོད་ཅིང་། ཡིན་ནའང་ལོ་ན་ཆུང་དུས་སུ་ཐེངས་དང་པོར་དཀར་མཛེས་ལ་བསླེབས་ནས་རྫོང་ཁུལ་དུ་ནམ་རྒྱུན་གློག་ཆད་ནས་ཡུན་རིང་རྒྱུན་མཐུད་དུ་ལྟ་བཞིན་པའི་འགུལ་རིས་གློག་བརྙན་གྱི་མཐའ་ཐུག་གི་གནས་ཚུལ་ཡང་ལྟ་ཐབས་བྲལ་བ་རེད།

ནམ་ཟླའི་འགྱུར་ལྡོག་དང་སྦྲགས་དཀར་མཛེས་ཁུལ་ཡོངས་སུ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད་པ་རེད། དེ་ནས་བཟུང་བྱམས་པ་དཀོན་མཆོག་ཕ་ཡུལ་དུ་ཐེངས་རེར་ཕྱིན་རྗེས་མྱོང་ཚོར་ཆེན་པོ་རེ་ཡོད་འདུག ན་ལོར་ཁོ་རང་ཡང་ཕ་ཡུལ་དུ་ཕྱིར་ལོག་སྐབས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་སྐྱོད་སྐབས་དངོས་གནས་ད་ལྟ་དང་སྔོན་ཆད་བསྡུར་ཐབས་བྲལ་བ་རེད།

ད་ལོར་འགྲན་བསྡུར་གལ་ཆེན་མེད་པས་བྱམས་པ་དཀོན་མཆོག་གིས་ནུས་ཤུགས་གང་ཡོད་ཀྱིས2021ལོའི་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སུ་ཞུགས་རྒྱུའི་གྲ་སྒྲིག་བྱས་པ་དང་། གུང་གསེང་སྐབས་ཀྱི་བཀོད་སྒྲིག་སྐོར་གླེང་སྐབས་ཁོས་ང་རང་དཔྱིད་གསར་དུས་ཆེན་སྐབས་ཕ་མ་དང་མཉམ་དུ་གནམ་གྲུ་ལ་བསྡད་དེ་དཀར་མཛེས་ལ་ཕྱིན་ནས་ཕྲུ་གུ་ཚོར་ལུས་རྩལ་སྐོར་གྱི་ནུས་རྩལ་དང་མྱོང་ཚོར་བཤད་རྒྱུ་ཡིན། ཐེངས་འདིར་གནམ་གྲུ་ལ་བསྡད་དེ་དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་འཕུར་བསྐྱོད་བྱེད་པ་ནི་སྨོས་མི་དགོས་པ་རེད་ཅེས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1