དབྱི་ལང་གི་ཙུང་ཐུང་གིས་ཆ་རྐྱེན་ཡོད་པའི་སྒོ་ནས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཁས་ལེན་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན སྤེལ་དུས། 12-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན།  དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉེ་ཡིས་ཉིན་དེར་བསྟན་དོན།  གལ་ཏེ་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་ལ་མིང་བཀོད་པའི་ཕྱོགས་གཞན་པས་དམ་བཅའ་བརྩི་སྲུང་བྱེད་ན། དབྱི་ལང་གིས་ཀྱང་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་བརྩི་སྲུང་བྱེད་ངེས་ཡིན་ཟེར།
        ལུའུ་ཧ་ཉེ་ཡིས་ཉིན་དེར་སྤེལ་བའི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལང་གིས་ཨ་མེ་རི་ཁའི་ད་ལོར་བདམ་ཐོན་བྱུང་བའི་ཙུང་ཐུང་པེ་ཏིན་གྱིས་འགོ་ཁྲིད་པའི་སྐབས་རྗེས་མའི་སྲིད་གཞུང་གིས་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་དམ་བཅའ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
        ལུའུ་ཧ་ཉེ་ཡིས་བསྟན་དོན།  དབྱི་ལང་གིས་ཨ་མེ་རི་ཁས་དབྱི་ལང་ཕྱོགས་ཀྱི་བཀག་སྡོམ་ཡུན་ཚད་ཇེ་རིང་གཏོང་བར་ངོ་རྒོལ་བྱེད་ངེས་ཡིན།   དབྱི་ལང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དབྱི་ལང་མི་དམངས་ཨ་མེ་རི་ཁ་ཕྱོགས་ཀྱི་གཉའ་གནོན་རང་བཞིན་གྱི་ཁུར་བོ་དང་ནོར་འཁྲུལ་རང་བཞིན་གྱི་བཀག་སྡོམ་ལས་ཐར་བར་བྱེད་ངེས་ཡིན་ཟེར།
        ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར།  དབྱི་ལང་གིས་ཨ་མེ་རི་ཁ་དང་དབྱིན་ཇི།  ཧྥ་རན་སི།   ཨུ་རུ་སུ།   ཀྲུང་གོ  འཇར་མན་བཅས་དང་མཉམ་དུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་བཀོད།  གྲོས་མཐུན་ལྟར་ན།  དབྱི་ལང་གིས་ཉིང་རྡུལ་འཆར་གཞི་ཚོད་འཛིན་བྱེད་པར་ཁས་ལེན་བྱས་ཡོད་པ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་གི་བཀག་སྡོམ་མེད་པར་བཟོས་ཡོད།   ཨ་མེ་རི་ཁ་སྲིད་གཞུང་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར་ཕྱོགས་རྐྱང་བའི་སྒོ་ནས་དབྱི་ལང་ཉིང་རྡུལ་གྲོས་མཐུན་ལས་ཕྱིར་བུད་པ་དང་།  དེའི་རྗེས་སུ་དབྱི་ལང་ལ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་རེད།  དབྱི་ལང་གིས་ན་ནིང་གི་ཟླ་ལྔ་བའི་ཚུན་ལ་རིམ་བཞིན་གྲོས་མཐུན་ཁྲོད་ཀྱི་དོན་ཚན་ཁ་ཤས་ལག་བསྟར་བྱེད་མཚམས་བཞག་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1