ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར300ཟིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-16



        ཟླ12པའི་ཚེས8ཉིན་གྱི་སྔ་དྲོར། གསར་འགོད་པས2020ལོའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་གི་སྒོ་ནས་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་བ་དང་ཡུལ་སྐོར་བརྡ་ཁྱབ་བཏང་བས་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན། ཟླ11པའི་བར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི2002ལ་སྣེ་ལེན་བྱས་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར300ཟིན་ལ། མིག་སྔར་ཡུལ་སྐོར་ཁྲོམ་ར་སླར་གསོའི་གནས་ཚུལ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

        ད་ལོར་ལྷ་ས་གྲོང་ཁྱེར་གྱིས“ལྷ་ས•གྲོང་ཁྱེར་ཡུལ་སྐོར”དང“ལྷ་ས•གྲོང་གསེབ་ཡུལ་སྐོར”ཞེས་པའི་ཡུལ་སྐོར་རིག་གནས་གསར་གཏོད་སྤུས་རྟགས་བཏོན་པ་དང་། སྐབས་གཉིས་པའི་ཏ་ཡུན་ཧའོ་(大运河)རིག་གནས་ཡུལ་སྐོར་དངོས་མང་འགྲེམ་ཚོགས་ དང་ཅང་སུའུ་ཡི་གྲོང་གསེབ་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པའི་བྱེད་སྒོར་ཞུགས་པ་བརྒྱུད་ནས། བོད་སྒོང་དང་། སྦྲང་རྩི། བོད་སྤོས་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཅང་སུའུ་དང་འབྲི་ཆུའི་ཟུར་གསུམ་གླིང་དུ་ཁྱབ་གདལ་བཏང་བ་རེད།

        སྔ་རྗེས་སུ“བོད་ལྗོངས་ཀྱི་མི་བོད་ལྗོངས་སུ་ཡུལ་སྐོར་ལ་འགྲོ་བ་དང་། ལྷ་སའི་མི་ལྷ་སར་ཡུལ་སྐོར་ལ་འགྲོ་བ”ཞེས་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡུལ་སྐོར་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད། “ལེ་ཆོན་གྱི་ཡུལ་སྐོར་དང་དགའ་སྐྱིད་དྲུག་གཅིག”ཞེས་པ་དང“གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཛེས་པའི་ལྷུན་གྲུབ་ལ་ཡུལ་སྐོར་དུ་འགྲོ་བ”ཞེས་པ། “ལྷ་མཚོར་རྐང་ཐང་དུ་འགྲོ་བ•བདེ་ཐང་མཉམ་སྐྱོད”ཅེས་པ་སོགས་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། “སྐབས་དྲུག་པའི་ལྷ་སའི་ལག་རྩལ་མཁས་ཅན”ཡུལ་སྐོར་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེན་མོ་དང“སྐབས་དྲུག་པའི་ཡིད་དབང་འཕྲོག་པའི་ལྷ་ས”ཞེས་པའི་ཡུལ་སྐོར་པར་ལེན་འགྲན་བསྡུར་ཆེན་མོ་གཙོ་གཉེར་བྱས་ཏེ། འགྲན་བསྡུར་ཆེན་མོའི་སྤུས་ལེགས་ཐོན་རྫས་ཁྲོམ་རར་བཏོན་པ་དང་། ཡུལ་སྐོར་ཚོང་ཟོག་ཁྲོམ་རའི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་པ་རེད།

        པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་། འབྲི་ཆུའི་ཟུར་གསུམ་གླིང་། ལྷོ་ནུབ་ས་ཁུལ་སོགས་སུ་ལྷ་སའི་ཡུལ་སྐོར་དྲིལ་བསྒྲགས་བརྡ་ཁྱབ་བཏང་བ་བརྒྱུད་ནས། ཁྲུང་ཆིང་དང་ཧྲང་ཧའེ་སོགས་སུ་བསྐྱོད་དེ“2020ལོའི་ལྷ་སའི་དགུན་དུས་ཡུལ་སྐོར་སྐོར་སྐྱོད་བྲིན་ཚོང”གི་བྱེད་སྒོ་སོགས་སྤེལ་ནས། ནང་སའི་ཡུལ་སྐོར་བའི་ཡིད་དབང་དགུན་དུས་ཀྱི་ལྷ་སར་ཡུལ་སྐོར་དུ་ཡོང་བར་བཀུག་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཡུལ་སྐོར་བའི་ཤེས་རྟོགས་ཚད་གཞི་མཐོ་རུ་བཏང་བ་དང་། ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ནས་ཡུལ་སྐོར་ཁྲོམ་ར་རྒྱུན་ཆད་མེད་པར་སླར་གསོ་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1