བྲག་འགོ་རྫོང་གིས་ཐུམ་འབུའི་ནད་མེད་པར་བཟོས་ནས་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-17



ཁམས་བྱང་ས་ཁུལ(བྲག་འགོ)གྱི་ཐུམ་འབུའི་ནད་དྲག་གསོ་སྨན་བཅོས་ལྟེ་གནས་།
     ཀྲུང་གོའི་བོད་ལྗོངས་དྲ་བ་ཐོག་གནས་ཚུལ་སྤེལ་གསལ། ཐུམ་འབུའི་ནད་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་མི་ཕྱུགས་གཉིས་ཀར་ཕོག་པའི་གཞན་བརྟེན་སྲིན་འབུའི་ནད་རིགས་ཤིག་ཡིན་ཞིང་། འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་པ་ལས་གཙོ་བོ་ཕྱུགས་ལས་ས་ཁུལ་དུ་ཁྱབ་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་ནི་ཐུམ་འབུའི་ནད་ཐོན་མང་བའི་ས་ཁུལ་གྱི་གྲས་ཤིག་རེད། ཐུམ་འབུའི་ནད་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་ཚོད་འཛིན་ཚབས་ཆེ་བཟོས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བཏང་བས། དེ་ནི་ས་ཁུལ་དེའི་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་དང་བདེ་ཐང་དབུལ་སྐྱོར་ཐད་ཀྱི་“དཀའ་ངལ་ཆེ་ཤོས་ཀྱི་གནད་འགག”ཅིག་རེད།
     བྲག་འགོའི་ཐུམ་འབུའི་ནད་དྲག་གསོ་སྨན་བཅོས་ལྟེ་གནས་སུ། དེ་གར་སྨན་བཅོས་བྱེད་བཞིན་པའི་ཐུམ་འབུའི་ནད་ཕོག་པའི་ནད་པ་སྒྲོལ་དཀར་གྱིས་ཐུམ་འབུའི་ནད་ཕོག་རྗེས་ཁོ་མོའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་མོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཁོ་མོ་ཁྲེང་ཏུའུ་ཧྭ་ཞི་སྨན་ཁང་དུ་བསྐྱོད་དེ་ཐུམ་འབུ་བཏོག་པ་དང་མཆིན་པ་ཕྱེད་ཀ་གཅོད་པའི་གཤགས་བཅོས་བྱས་རྗེས་བྲག་འགོ་རྫོང་ཐུམ་འབུའི་ནད་དྲག་གསོ་སྨན་བཅོས་ལྟེ་གནས་སུ་ཡོང་ནས་རྗེས་མཐུད་ཀྱི་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། “རྒྱལ་ཁབ་ཀྱིས་སྨན་བཅོས་ཁ་གསབ་སྒོར་ཁྲི་2ལྷག་ཙམ་སྤྲད་བྱུང་ལ། དེ་གར་སྨན་བཅོས་ཀྱི་ཐོབ་ཐང་ཡག་པོ་ལོངས་སུ་སྤྱོད་རྒྱུ་བྱུང”ཞེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཁམས་བྱང་ས་ཁུལ(བྲག་འགོ)གྱི་ཐུམ་འབུའི་ནད་དྲག་གསོ་སྨན་བཅོས་ལྟེ་གནས་དང་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་ཚོད་ལྟ་ཁང་ལ་མ་དངུལ་སྒོར་ཁྲི་3700ལྷག་ཙམ་བཏང་ཡོད་པ་དང་། དྲག་གསོ་སྨན་བཅོས་ལྟེ་གནས་སུ་སྨན་ཁང་དུ་སྡོད་པའི་ནད་ཁང་དང་། ཞིབ་བཤེར་ཚན་ཁགནད་བརྟག་ཚོན་པར་ཁང་། CTཞིབ་བཤེར་ཁང་སོགས་སྨན་བཅོས་རམ་འདེགས་ཁང་བཀོད་སྒྲིག་བྱས་ཡོད་པ་རེད། ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་ཚོད་ལྟ་ཁང་དུ་རྩབས་རྟགས་ལས་དོན་ས་ཚིགས་བཙུགས་ཡོད་ལ། དེའི་དྲོད་བརྟན་སྐྱེད་སྲིང་སྒམ་ཁྲག་དྭངས་རིག་པའི་ཞིབ་དཔྱད་ཚད་ལེན་བྱེད་པར་སྤྱོད་ཀྱི་ཡོད།
     ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་འགོ་ཚུགས་པ་ནས་བཟུང་། བྲག་འགོ་རྫོང་སྨན་བཅོས་རུ་ཁག་གིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི་4ཙམ་ལ་ཐུམ་འབུའི་ནད་ཕོག་མིན་གྱི་Bཁྲའོ་བརྟག་དཔྱད་བྱས་མཐར། རིམ་རྩིས་བྱས་ན་ནད་པ་81བརྟག་དཔྱད་བྱེད་ཐུབ་བྱུང་ཡོད་པ་དང་། བདེ་ཐང་སློབ་གསོའི་དྲིལ་བསྒྲགས་དཔྱད་ཡིག་5000ལྷག་ཙམ་སྤྲད་ཡོད་པ་རེད།
     དབུལ་པོའི་མི་ཚོགས་ལ་སྨན་བཅོས་རོགས་སྐྱོབ་ཀྱི་རོགས་སྐྱོར་བྱ་སྤྱོད་ལག་བསྟར་ཤུགས་ཆེན་སྤེལ་ཆེད། རྒྱལ་ཁབ་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ“རྩ་ཆག་བཅུ་དང་ཁ་གསབ་བཞིའི”སྲིད་ཇུས་དང“སྔོན་ལ་སྨན་བཅོས་བྱས་རྗེས་བསྡོམས་རྩི་བྱེད་པ”སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་བྱ་དང་ཐུམ་འབུའི་ནད་སྨན་བཅོས་ཀྱི་སྲིད་ཇུས་ལ་སྔར་བས་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་བྱས་ཡོད་ལ། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད་པ་རེད།
     བྲག་འགོ་རྫོང་སྨན་ཁང་གི་ཡོན་ཀྲང་ལྷ་དབང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁམས་བྱང་ས་ཁུལ(བྲག་འགོ)གྱི་ཐུམ་འབུའི་ནད་དྲག་གསོ་སྨན་བཅོས་ལྟེ་གནས་ནི་རྒྱལ་ཁབ་ཀྱི་རྣམ་གྲངས་ཤིག་རེད། ཐུམ་འབུའི་ནད་ཀྱི་ཆེད་དོན་སྨན་བཅོས་ཁུལ་ཞིག་ཡིན་པའི་ངོས་ནས་མིག་སྔར་བྲག་འགོའི་ཐུམ་འབུའི་ནད་ཕོག་མཁན་ལྟེ་གནས་དེར་ཡོང་ནས་སྨན་བཅོས་བྱེད་བཞིན་ཡོད་པའི་མི་གྲངས་100ལྷག་ཙམ་ཡོད་པ་རེད། སྨན་བཅོས་བྱེད་ཐབས་ནི་གཤགས་བཅོས་གཙོ་བོར་བྱེད་པ་དང་དུས་མཚུངས་སུ་ད་དུང་སྨན་རྫས་ཀྱི་སྨན་བཅོས་བྱེད་ཀྱི་ཡོད། མིག་སྔར་ཐུམ་འབུའི་ནད་ཀྱི་སྨན་རྫས་དཔེར་ན། ཨ་པུན་ཏ་ཙོའོ་སོགས་ཚང་མ་རིན་པ་མི་དགོས་པ་རེད།
     བྲག་འགོ་རྫོང་འཕྲོད་བསྟེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། འབྱུང་འགྱུར། བྲག་འགོ་རྫོང་གིས་ས་གནས་དེ་གའི་དགོས་མཁོ་དངོས་ལ་བསྟུན་ནས་ཁམས་གསོ་སྨན་བཅོས་ལྟེ་གནས་དེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་དམངས་འཚོའི་འདུ་འགོད་ཅིག་ཏུ་བསྐྲུན་པ་དང་ཆགས་ཅིག་ཐུམ་འབུའི་ནད་དྲག་གསོ་སྨན་བཅོས་ལྟེ་གནས་དང་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་ཚོད་ལྟ་ཁང་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། ཁམས་བྱང་ས་ཁུལ་གྱི་ཐུམ་འབུའི་ནད་སོགས་ནད་རིགས་འགོག་བཅོས་ཀྱི་ཉམས་མྱོང་འཚོལ་ཞིབ་བྱེད་པ་དང་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་སྟངས་བཙུགས་ནས། ཁམས་བྱང་ས་ཁུལ་གྱི་ཐུམ་འབུའི་ནད་ཕོག་མཁན་ཚང་མར་བྲག་འགོ་ནས་ཆུ་ཚད་མཐོ་བ་དང་ཕྱོགས་ཡོངས་ཀྱི་སྨན་བཅོས་ཞབས་ཞུ་ཐོབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད། (http://tibet.people.com.cn/15832878.html)

སྨན་དོན་མི་སྣས་ཐུམ་འབུའི་ནད་ལ་Bཁྲའོ་བརྟག་དཔྱད་བྱས་ནས་དངོས་བཤེར་བྱེད་བཞིན་ཡོད།

བྲག་འགོ་རྫོང་སྨན་ཁང་གི་ཡོན་ཀྲང་ལྷ་དབང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1