ནོར་གནག་ཤི་ན་འགན་བཅོལ་ཀུང་སིས་སྐྱིན་དངུལ་མང་པོ་སྟེར།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-18



      ཧུང་ཡོན་རྫོང་རི་རྒན་གྲོང་སྡེའི་སྡེ་མི་ཨ་ལུང་གིས། ད་ལོར་ངེད་ཚང་གི་ནོར་གནག་67ལ་སྲིད་ཇུས་རང་བཞིན་གྱི་ནོར་གནག་གི་འགན་བཅོལ་ཉོས་ཡོད་ཅིང་། ནོར་གནག་5ཤི་བས་དམངས་སྒོར་9300སྐྱིན་ཡོད་པ་དང་། ནོར་གནག་འགན་བཅོལ་གྱི་སྲིད་ཇུས་བཟང་བས་ངེད་ཚང་གི་ནོར་གནག་ཤི་ཡང་གྱོང་རྒུད་ཉུང་དུ་བཏང་ཡོད།
     ཉེ་ཆར། ཀྲུང་ཧང་ཨན་མེང་རྒྱུ་ནོར་འགན་བཅོལ་ཚད་ཡོད་ཀུང་སིའི་ཧུང་ཡོན་ཚོང་གཉེར་ཞབས་ཞུ་པུའུ་སྦྲ་ཆེན་གྲོང་རྡལ་གྱི་འགན་བཅོལ་རྩད་ཞིབ་ས་ཚིགས་ཀྱི་འགན་བཅོལ་རྩད་ཞིབ་པ་རི་རྒན་གྲོང་སྡེའི་སྡེ་མི་ཨ་ལུང་ཚང་དུ་སོང་ནས་ནད་གཞིས་ཤི་བའི་ནོར་གནག་ལ་ལྟ་ཞིབ་བྱས་པར་མ་ཟད། ནོར་གནག་གི་ལོ་ཚད་འགོད་པ་དང་། རྣ་རྟགས་ཕབ་འཇུག 《ཧུང་ཡོན་ནོར་གནག་འགན་བཅོལ་གྱི་བརྟག་དཔྱད་ཚད་ལེན་རེའུ་མིག》འབྲི་བ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། ཨ་ལུང་གིས《ཞིང་ལས་འགན་བཅོལ་གྱི་གྱོང་གསབ་ལེན་པའི་ཞུ་ཡིག》བྲིས་ཚར་རྗེས། མི་སྒེར་གྱི་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱས་ཤིང་། ཤི་བའི་ནོར་གནག་ཧུང་ཡོན་རྫོང་གནོད་མེད་གཙང་སེལ་བཟོ་གྲྭར་བསྐྱལ་ནས་གཙང་སེལ་བྱས་པ་དང་། ཉིན་15འགོར་རྗེས་སྐྱིན་དངུལ་སྒོར་2000ཨ་ལུང་གི་ཞིང་ལས་དངུལ་ཁང་གི་ཐོ་ཁོངས་སུ་འབྱོར་ཐུབ།

     སྡེ་མི་ཨ་ལུང་གིས། ནོར་གནག་འགན་བཅོལ་ནི་སྲིད་གཞུང་གིས་མང་ཚོགས་ལ་ཕྱོགས་པའི་སྲིད་ཇུས་བཟང་བོ་ཞིག་ཡིན་ཞིང་། སྲིད་ཇུས་རང་བཞིན་གྱི་ནོར་གནག་འགན་བཅོལ་གྱིས་སྔོན་ཆད་ནད་ཀྱིས་ཤི་བའི་ནོར་གནག་གང་འདོད་དུ་བསྐྱུར་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་ལེགས་བཅོས་བྱས་པར་མ་ཟད། འབྲོག་པའི་ནོར་གནག་འཚོ་སྐྱོང་གི་ཉེན་ཁ་ཇེ་ཆུང་དུ་བཏང་བ་དང་། འབྲོག་ལས་སྒྱུར་བཅོས་འཕེལ་རྒྱས་ལ་ནུས་པ་བཏོན་ནས་འབྲོག་པ་དབུལ་ཕོངས་ལས་སྒྲོལ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།
     རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་གཙོ་ཁྲིད་བྱས་པ་བརྒྱུད། ཧུང་ཡོན་རྫོང་གིས་སྔོན་ལ་སྲིད་ཇུས་རང་བཞིན་གྱི་ནོར་གནག་འགན་བཅོལ་གྱི་ལས་དོན་སྤེལ་ཞིང་། འགན་བཅོལ་ལ་ཞུགས་མཁན་གྱིས་ལོ་རེར་ནོར་གནག་གཅིག་ལ་སྒོར་130འཇལ་དགོས་ཤིང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞིའི་ནོར་སྲིད་ཀྱིས་ཁ་གསབ་དང་འབྲོག་ཁྱིམ་གྱིས་མཉམ་དུ་འགན་ཁུར་བ་དང་། འགན་བཅོལ་གྱི་བསྡུར་ཚད་སོ་སོ་ནི་བརྒྱ་ཆ་40དང་། བརྒྱ་ཆ་33། བརྒྱ་ཆ་4། བརྒྱ་ཆ་3། བརྒྱ་ཆ་20བཅས་ཟིན་ཡོད་པར་མ་ཟད། ཀྲུང་ཧང་ཨན་མེང་རྒྱུ་ནོར་འགན་བཅོལ་ཚད་ཡོད་ཀུང་སི་ཧུང་ཡོན་རྫོང་དུ་བདེ་བླག་ངང་བཅའ་སྡོད་བྱས་ཤིང་། ཁྱད་པར་ཅན་གྱི་བྱེད་ཐབས་སྤྱད་ནས་སྐྱིན་ཚབ་འཇལ། ནོར་གནག་ལོ་1ནས་3བར་དང་། ལོ་3ནས་4བར། ལོ་4ཡན་གྱི་ནོར་གནག་ལ་མ་དངུལ་སྒོར་1300དང་། སྒོར་1500། སྒོར་2000བཅས་ཀྱི་ཚད་གཞི་ལྟར་སྐྱིན་པ་རེད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1