༄༅།།བཟའ་ཆས་གཙང་སྦྲ་བྱས་ནས་ཟས་དུག་མི་ཕོག་པར་ཇི་ལྟར་བཟོ་དགོས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 12-18


      གནམ་གཤིས་དྲོ་བའི་དུས་ཚིགས་ཐོན་ཡོང་དུས། སྤྱིར་ཟ་ཁང་དང་མགྲོན་ཁང་ཁག་གཅིག་ལ་ཟས་དུག་ཕོག་པ་དང་འབུ་ཕྲ་ཅན་གྱི་བཤལ་དན་ཕོག་པའི་གནད་དོན་བུད་ནས་མང་ཚོགས་ཁག་གཅིག་གི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ་རེད། གནད་དོན་དེ་དག་བུད་དགོས་དོན་གང་ཡིན་ཟེར་ན། གཙོ་བོ་ནི་བཟའ་ཆས་གཙང་མ་མིན་པ་དང་། ཁྱད་པར་དུ་གྲང་ཚལ་གཙང་མ་མེད་པའི་དབང་གིས་རེད། བརྟག་དཔྱད་བྱས་པར་བལྟས་ན། བཟའ་ཁང་ཁ་ཤས་ཀྱིས་རུལ་ཚར་བའི་ཤ་བཙོས་མ་དང་། སྐྱུར་རུལ་དྲི་ངན་བྲོ་བའི་སྲན་མ་སོགས་ལ་ཤ་སྨན་བསྲེས་ནས་མང་ཚོགས་ལ་བཙོང་ཁར། ད་རུང་ཧམ་སྤུ་རྒྱག་པའི་སྲན་བཟོས་རིགས་ཏོའུ་སི་དང་ཏོའུ་པན་སོགས་བཟའ་ཆས་དང་འབུ་སྲིན་འཕྱུར་བའི་སེ་རྩམ། བངས་ནས་རྡོག་རྡོག་ཏུ་གྱུར་བའི་གཡེར་མ་སོགས་ཤ་སྨན་བྱས་ནས་བཟའ་ཆས་བྱེད་པའི་རྐྱེན་གྱིས་ནང་ཀྱི་འབུ་ཕྲ་ཁྱབ་སྤེལ་དུ་བཏང་ནས་ཟས་དུག་ཕོག་པ་རེད། དེ་ལས་སྡུག་ཅག་ཞིག་ནི་གོང་ལ་བཤད་པའི་ཤ་སྨན་དེ་ཚོ་གྲང་ཚལ་བཏབ་ན། རླངས་བཙོ་བྱས་ནས་བཟའ་དུག་བསད་མེད་པའི་དབང་གིས། གློ་བུར་གྱི་རྒྱུ་མའི་འགོས་ནད་དེ་བས་ཕོག་སླ་བ་དང་ནད་ཁྱབ་སླ་མོ་ཡོད་པ་རེད། ད་ཆ་རང་རྒྱལ་དུ་ཟ་ཁང་ཆེ་ཆུང་ཚང་མས《བཟའ་ཆས་འཕྲོད་སྟེན་གྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར། བཟའ་ཆས་ཀྱི་འཕྲོད་སྟེན་ལས་ཀ་ལེགས་པོ་བསྒྲུབ་དགོས། བཟའ་ཆས་བཟོ་དུས་ཧམ་སྤུ་ཆགས་པ་དང་རུལ་ཚར་བའི་རྒྱུ་ཆ་དང་ཤ་སྨན་སོགས་སྤྱོད་མི་ཉན་པ་དང་། སྔོ་ཚལ་གསར་པ་ཐེངས་མང་པོ་བཀྲུས་ནས་གཙང་མ་བཟོ་དགོས། གྲང་ཚལ་ངེས་པར་དུ་ཆུ་ཁོལ་མས་བཀྲུས་རྗེས་གཞི་ནས་སྒོག་པ་དང་ཚུའུ་སོགས་ཤ་སྨན་གདབ་དགོས། དེ་འདྲ་བྱས་ནས་རོ་བྲོ་ཞིམ་ལ་འབུ་ཕྲའང་བསད་ཐུབ་པ་རེད། ཟ་མ་བཟོ་དུས་ཚལ་རྗེན་མ་དང་བཙོས་མའི་གཙབས་གདན་དང་ཚལ་ཏའོ་ངེས་པར་དུ་ཁ་ཁ་སོ་སོ་འབྱེད་དགོས་ལ་ཚལ་རྗེན་མ་དང་བཙོས་མ་བླུག་པའི་ཕོར་པའང་མཉམ་འབྲེལ་བྱེད་མི་ཉན། ཟ་ཐུར་ལ་དུག་སེལ་ནན་པོར་བྱེད་དགོས། གོང་གསལ་གྱི་ཆ་རྐྱེན་དེ་འདྲ་འཛོམས་ན་གཞི་ནས་འདུ་ཕྲའི་འགོག་ནད་སྔོན་འགོག་བྱས་ནས་མང་ཚོགས་ཀྱི་ལུས་ཁམས་བདེ་མོ་ཡོང་རྒྱུར་འགན་ལེན་བྱེད་ཐུབ་ཀྱི་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1