གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

ཉི་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༢ཉིན།

༄༅།།ས་སྐྱའི་སྲིད་དབང་སྐབས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལ་འཕེལ་རྒྱས་ཇི་བྱུང་སྐོར་རགས་ཙམ་གླེང་བ།


 ཉི་མ།
གནད་བསྡུས། དཔྱད་རྩོམ་འདིའི་ནང་གཙོ་བོ་ས་སྐྱའི་སྲིད་དབང་སྐབས་སུ་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལ་འཕེལ་རྒྱས་ཇི་བྱུང་སྐོར་བརྗོད་པ་སྟེ། དེ་ཡང་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱའི་ལག་ལེན་དངོས་དང་། ས་སྐྱའི་སྲིད་དབང་སྐབས་སུ་ལོ་ཙཱའི་རིག་པ་འཕེལ་རྒྱས་ཡོང་རྒྱུར་མཐུན་རྐྱེན་ཇི་ལྟར་བྱུང་ཡོད་ཚུལ། སྐབས་དེའི་ལོ་ཙཱའི་གནས་བབས། དེས་ཕྱིས་བོད་ཀྱི་ལོ་ཙཱའི་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཕན་ནུས་ཇི་ལྟར་ཐོན་ཚུལ་བཅས་ཀྱི་སྐོར་གླེང་འདུག །
གནད་ཚིག ས་སྐྱའི་སྲིད་དབང་། ལོ་ཙཱའི་བྱ་གཞག དོན་སྙིང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]J20 [ཡིག་ཚང་མཚོན་བྱང་།]A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)04-183-09
         གླེང་གཞི།
         གངས་རིའི་རྭ་བས་བསྐོར་བའི་ལྗོངས་འདིར་འཚོ་ཞིང་གནས་པའི་མི་རིགས་འདི་ལ་ལོ་ངོ་སྟོང་ཕྲག་དུ་མའི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡོད་ཅིང་། འཛམ་གླིང་སྔོན་ཐོན་མི་རིགས་གཞན་དང་འདྲ་བར་ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་ཉེ་འབྲེལ་མི་རིགས་ཁག་དང་ཤེས་རིག་གི་འབྲེལ་བ་ཟབ་མོ་བྱུང་ཡོད། དེའང་བཀའ་དྲིན་ཅན་གྱི་ལོ་པཎ་དུ་མས་ལོ་ཙཱ་དང་ལོ་ཙཱའི་རིགས་ལམ་ལ་བརྟེན་ནས་མི་རིགས་གཞན་གྱི་ཤེས་བྱའི་ཉིང་བཅུད་བསྡུ་ལེན་གནང་བ་དང་། རང་མི་རིགས་ཀྱི་ཤེས་རིག་ཇེ་རྒྱས་ཇེ་ཟབ་ཏུ་བཏང་བས། ད་གཟོད་རང་ཅག་གི་ཡུལ་གྲུ་འདིའི་རུམ་དུ་མཚར་སྡུག་འོད་སྟོང་འཕྲོ་བའི་ཤེས་རིག་ནོར་བུའི་བང་མཛོད་འདི་ཉིད་གྲུབ། དུས་རབས་བཅུ་གསུམ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་ཆབ་སྲིད་དང་རིག་གནས་གཉིས་ཀར་འཕོ་འགྱུར་ཆེས་ཆེར་བྱུང་བས་ལོ་རྒྱུས་ཐོག་གི་འོད་སྟོང་འཕྲོ་བའི་གལ་ཆེའི་གནས་བབས་ཤིག་ཆགས། བོད་སིལ་བུའི་ལོ་རྒྱུས་མཇུག་སྒྲིལ་ནས་གཅིག་གྱུར་དང་སྟོབས་འབྱོར་ལྡན་པའི་འགྲོ་ལམ་ཞིག་ཏུ་བསྐྱོད་འགོ་ཚུགས། སྐབས་དེར་བོད་ཀྱི་རིག་གནས་ཐད་ལ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་ཆེར་ཐོན་ནས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཐུབ་པའི་བསྟན་པ་རྒྱ་སོག་གི་ཡུལ་གྲུ་མང་པོར་སྤེལ་བ་མ་ཟད། ལྷག་པར་དུ་ལེགས་སྦྱར་སྐད་ཀྱི་བཀའ་དང་བསྟན་བཅོས་དུ་མ་བོད་སྐད་དུ་བསྒྱུར་བ་དང་སྦྲགས་སྔ་མའི་འགྱུར་ཡིག་མ་དག་པ་རྣམས་བཅོས་ཤིང་ཁ་གསབ་མཛད། དེ་བཞིན་སྒྲ་སོགས་ཐ་སྙད་རིག་པའི་གནས་ལྔའི་རྣམ་གཞག་རྣམས་ཀྱང་གསར་དུ་ཕྱེ། ས་པཎ་ཀུན་དགའ་རྒྱལ་མཚན་དང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དཔང་བློ་གྲོས་བརྟན་པ་སོགས་ཤེས་རབ་ཁུར་གྱིས་ལྗིད་ཅིང་སྙན་པའི་གྲགས་པ་ས་ཕྱོགས་ཀུན་ཏུ་ཁྱབ་པའི་སྐད་གཉིས་སྨྲ་བ་དུ་མ་བྱོན་པ་མ་ཟད། ཁོང་རྣམ་པས་བསྒྱུར་བའི་གཞུང་རྣམས་ནི་ནང་དོན་ཕུན་སུམ་ཚོགས་ལ། སྒྱུར་སྤུས་དག་ཅིང་ཁ་གྲངས་མང་བ་སོགས་ཁྱད་འཕགས་ཀྱི་ཡོན་ཏན་བརྗོད་ལས་འདས། དེ་དང་དུས་མཚུངས་རྒྱ་ཡིག་ནས་མདོ་ཕྱོགས་དང་ལོ་རྒྱུས་ཀྱི་གསུང་རྩོམ། གཞུང་ཡིག་སོགས་བོད་སྐད་དུ་བསྒྱུར་བའི་སྲོལ་ཡང་ཆེས་ཆེར་དར། སྒྱུར་ཡིག་དེ་དག་གི་སྤུས་ཚད་དང་གྲངས་ཚད་གང་ལ་བལྟས་ཀྱང་ཚད་མཐོ་པོ་དེ་ལྟར་ཡོད་དོན་ནི། སྐབས་དེར་ལོ་ཙཱའི་སྒྲིག་སྲོལ་དམ་ཞིང་མཛུབ་ཁྲིད་ཀྱི་ནུས་པ་ཁྱད་དུ་འཕགས་པའི་ལོ་ཙཱའི་རིམ་པ་ཞིག་ཡོད་པའི་རྐྱེན་གྱིས་ཡིན་ངེས་རེད་སྙམ། མདོར་ན་བོད་ཀྱི་ལོ་རྒྱུས་དུས་མཚམས་དེ་ནི་ལོ་ཙཱ་དང་ལོ་ཙཱའི་རིག་པ་ཆེས་ཆེར་དར་བའི་དུས་སྐབས་ཤིག་ཡིན་པར་འདོད།
དང་པོ། བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱའི་བྱ་གཞག །
         དུས་རབས་དགུ་པའི་དུས་དཀྱིལ་ཙམ་དུ་བཙན་པོ་གླང་དར་མ་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་རྗེས། བོད་འདི་ཁ་ཐོར་དང་ཟང་ཟིང་གི་གནས་སུ་གྱར་བ་སྟེ། “བོད་སྤྱི་མཐུན་ལས་ཀྱི་བསོད་ནམས་སོས་ཀའི་འཁྱགས་རོམ་བཞིན་དུ་བཞུ། མི་རྗེ་ལྷའི་བསོད་ནམས་མཚོ་སྐམ་པའི་གཉེར་མ་བཞིན་དུ་ཡལ། བོད་ཁམས་ཡོངས་ལ་བཅས་པའི་རྒྱལ་ཁྲིམས་ནི་ནམ་ཞོད་ཆེ་བའི་རྩིག་པ་བཞིན་དུ་ཞིག སེར་ཆགས་ཡོངས་ལ་བཅས་པའི་འདུལ་ཁྲིམས་ནི་རྒས་གུད་འཛོམས་པའི་ཤེས་པ་བཞིན་དུ་ཉམས། བཟང་བྱེད་ལེགས་པའི་ཡོན་ཏན་ཐམས་ཅད་དགོང་ཀའི་ཉི་མ་བཞིན་དུ་ནུབ། རྒྱལ་བློན་རྣམས་ཀྱི་ཐུགས་ལ་གདོན་གསོལ་ཏེ། མངའ་རིས་ཟླུམ་པོ་ལ་ཕྱོགས་རིས་དུམ་བུར་ཆད”[1]ཅེས་པ་ལས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཟང་ཟིང་དུ་གྱུར་བ་བློ་ངོར་འཆར་ཐུབ། ལྷག་པར་དུ་དམ་པའི་ཆོས་ཀྱི་བརྗོད་བྱ་གཙོར་བྱེད་པའི་སམ་བོད་ལོ་ཙཱའི་འཕྲིན་ལས་དེའང་ལོ་ངོ་བརྒྱ་ཕྲག་གཉིས་དང་ཕྱེད་ཙམ་གྱི་རིང་ལ་མཚམས་ཆད། 《ལེགས་བཤད་འཕྲུལ་གྱི་ལྡེ་མིག》ལས། “ལྷག་བསམ་བ་དན་བསྐྱོད་པའི་མཁྱེན་རབ་གཟིངས། །གསུང་རབ་རིན་ཆེན་རྒྱ་མཚོ་དབང་བསྒྱུར་བ། །སྐད་གཉིས་སྨྲ་བའི་དེད་དཔོན་རིན་ཆེན་བཟང་། །ཕྱི་དར་ནོར་བུའི་གཏེར་བརྒྱ་ཐོག་མར་དྲངས། །”[2]ཞེས་གསུངས་པ་ལྟར་བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་སོང་བའི་རྗེས། བར་སྐབས་ཤིག་གི་རིང་དམ་པའི་གསུང་རབ་བསྒྱུར་བའི་འཕྲིན་ལས་དེའང་མཚམས་ཆད་པ་མ་ཟད། བོད་ནས་རྒྱ་གར་དུ་ཆོས་སློབ་པར་འགྲོ་མཁན་དང་རྒྱ་གར་ནས་བོད་དུ་པཎྜིཏ་ཡོང་བའི་རྒྱུན་ཡང་ཆད། དེས་ན། ལོ་ཆེན་རིན་ཆེན་བཟང་པོ་ནི་བོད་ཀྱི་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ཐོག་མ་དེ་ཡིན་ལ། དུས་དེ་ནས་བསྟན་པ་སླར་གསོ་དང་གྲུབ་མཐའ་ཁག་རིམ་གྱིས་འཕེལ་བས། བོད་ཡུལ་སྟོད་སྨད་གང་སར་ནང་ཆོས་ཁྱབ་གདལ་གྱི་རྣམ་པ་ཞིག་ཐོན། དེ་ལྟ་བུའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་རྒྱ་གར་དང་བལ་ཡུལ། ཁ་ཆེ་སོགས་ནས་པཎྜིཏ་དུ་མ་བོད་དུ་གདན་དྲངས་པ་དང་། བོད་མི་རྣམས་གཞུང་སྒེར་གང་རུང་གི་མིང་ཐོག་ནས་རྒྱ་གར་དང་བལ་ཡུལ་སོགས་སུ་ཆོས་སློབ་པར་འགྲོ་བའི་མཐོ་རླབས་ཤིག་འཕྱུར། སྐབས་དེར་ལོ་ཆེན་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ། འབྲོག་མི་ཤཱཀྱ་ཡེ་ཤེས། མར་པ་ཆོས་ཀྱི་བློ་གྲོས། གཉོས་ལོ། སྟག་ལོ། རྒྱ་བརྩོན་འགྲུས་སེང་གེ རྔོག་བློ་བརྟན་ཤེས་རབ་སོགས་ནམ་མཁའི་སྐར་ཚོགས་ཀྱི་རྗེས་སུ་བསྙེགས་པའི་ལོ་པཎ་སྐད་གཉིས་སྨྲ་བ་རྣམས་རྒྱ་གར་དང་ཁ་ཆེ་སོགས་སུ་ཐེངས་མང་ཕེབས་ཏེ། ངལ་བ་ཁྱད་དུ་བསད་ནས་རི་བོའི་གཏོས་དང་མཉམ་པའི་བཀའ་དང་བསྟན་བཅོས་དུ་མ་བོད་ཀྱི་སྐད་དུ་བསྒྱུར། བོད་ཁུལ་དུ་ཆོས་དང་ལོ་ཙཱའི་གསོ་སྐྱོང་གི་མཛད་པ་བསྐྱངས་ནས་སངས་རྒྱས་ཆོས་ལུགས་ཀྱི་རྒྱུན་འཛིན་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཙུགས། ལོ་ཙཱའི་བྱ་གཞག་གོང་འཕེལ་ལ་བླ་མེད་ཀྱི་མཛད་རྗེས་བཞག་ཡོད། ལོ་པཎ་མཁས་པ་དམ་པ་རྣམས་ཀྱིས་ངལ་བ་དུ་མ་ཁྱད་བསད་ཀྱིས་རྒྱལ་བའི་བཀའ་དང་བསྟན་བཅོས་གྲངས་ལས་འདས་པ་བོད་སྐད་དུ་བསྒྱུར་ཞིང་། ལྷག་པར་དུ། ལོ་ཆེན་རིན་ཆེན་བཟང་པོས་གསོ་བ་རིག་པ་དང་བཟོ་རིག་པ་སོགས་ཀྱི་པུ་ཏི་དུ་མ་བསྒྱུར་གནང་བ་མ་ཟད། སྔར་མེད་ཀྱི་གསང་སྔགས་ཆོས་མང་པོ་གསར་དུ་བསྒྱུར་གནང་བས། བོད་ཡུལ་དུ་གསང་སྔགས་ཀྱི་ཆོས་རྣམས་རིམ་བཞིན་དར་འཕེལ་བྱུང་། འབྲོག་མི་ཤཱཀྱ་ཡེ་ཤེས་དང་འགོས་ཁུག་པ་ལྷ་བཙས། མར་པ་ཆོས་ཀྱི་བློ་གྲོས། རྔོག་བློ་ལྡན་ཤེས་རབ་སོགས་ལོ་པཎ་རྣམས་ཀྱིས་ཆོས་གཞུང་མང་པོ་བསྒྱུར། དུས་རབས་བཅུ་གཉིས་པའི་སྨད་ཙམ་ལ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ནས་《མཁས་མཇུག》དང་《སྒྲ་ཉེ་བར་བསྡུས་པ》སོགས་བརྩམས་ཏེ་སྔ་འགྱུར་རྣམས་ལ་འགྱུར་བཅོས་དང་། དོན་འགྱུར་དང་འཕྲོ་འགྱུར་ལ་སོགས་པའི་སྒྱུར་ཐབས་དུ་མའི་གཞུང་ལུགས་གསར་དུ་བསྣན། ཁོང་གིས་ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུ་ཡིན་ཞེས་དང་། མངོན་བརྗོད་ཀྱི་ཐ་སྙད་རྣམས་ཐད་སྒྱུར་མ་བྱས་པར་དོན་སྒྱུར་བྱས་པ་སྐྱོན་དུ་གསུངས་བས། བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཐོག་ཐད་སྒྱུར་གཙོ་བོར་འཛིན་པའི་ལྟ་བ་མངོན་གསལ་ཅན་དུ་འགྱུར། དེ་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སོགས་བྱོན་ནས་སྔ་མའི་སྒྱུར་ིག་ལ་དག་བཅོས་དང་ཞིབ་བཅོས་གནང་། ལྷག་ཏུ་ཤོང་ལོ་ཙཱ་བས་《དུས་འཁོར་རྒྱུད་འགྲེལ》《སྙན་ངག་མེ་ལོང》《དཔག་བསམ་འཁྲི་ཤིང》《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》《འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ》སོགས་བསྒྱུར་བས། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་ལ་བླ་མེད་ཀྱི་ཕན་རླབས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་ལོ་ཙཱའི་བྱ་གཞག་སྤྱི་དང་སྒོས་སུ་ལོ་ཙཱའི་དཔྱད་བརྗོད་ཀྱི་གྲངས་འབོར་དང་སྤུས་ཚད་སོགས་ཀྱང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་ཆེན་པོ་བྱུང་ཡོད།
         མདོར་ན་སྐབས་དེའི་རིང་ཡུལ་ཕྱོགས་གཞན་ནས་བྱོན་པའི་པཎྜིཏ་དང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་གཞུང་མང་པོ་བསྒྱུར་བ་མ་ཟད། སྔར་འགྱུར་ལ་ཞུས་དག་གནང་བ་སོགས་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》དང་《ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར》《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར》《དེབ་ཐེར་སྔོན་པོ》《ཀློང་ཆེན་ཆོས་འབྱུང》《བུ་སྟོན་ཆོས་འབྱུང》དེ་བཞིན་《རྗེ་བཙུན་མར་པའི་རྣམ་ཐར》སོགས་སུ་ཞིབ་ཅིང་ཕྲ་བ་འཁོད་ཡོད། ལོ་པཎ་མཁས་གྲུབ་དེ་དག་གིས་བཀའ་དང་བསྟན་བཅོས། རྒྱུད་དང་མན་ངག་ལ་སོགས་གྲངས་ལས་འདས་པ་ཞིག་བསྒྱུར་བ་དང་དག་བཅོས་མཛད་པས། བོད་ཀྱི་ལོ་ཙཱའི་བྱ་གཞག་དེ་སྔར་ལས་དར་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་སོང་བ་མ་ཟད། ས་པཎ་གྱིས་གཙོས་པའི་མཁས་མཆོག་རྣམས་ཀྱིས་བོད་ཀྱི་ལོ་ཙཱའི་རིག་པ་གསར་དུ་འཛུགས་རྒྱུར་སྲ་ཞིང་བརྟན་པའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།
གཉིས་པ། བཙན་པོའི་དུས་སྐབས་ཀྱི་ལོ་ཙཱའི་རིག་གཞུང་།
         དེ་ཡང་བཙན་པོ་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་བར་དུ་ཡུལ་ཕྱོགས་མི་འདྲ་བའི་ལོ་པཎ་རྣམ་པས་བཀའ་དང་བསྟན་བཅོས་གྲངས་མེད་བསྒྱུར་བའི་བརྒྱུད་རིམ་ནང་། བརྡ་གསར་རྙིང་གང་བྱུང་དུ་སྤྱད་པ་དང་། ཡུལ་སྐད་ཀྱིས་བསླད་པ་སོགས་ཀྱིས་། འགྱུར་མའི་ནང་སྔར་བོད་དུ་མ་གྲགས་ཤིང་གཅིག་འགྱུར་མེད་པའི་ཐ་སྙད་དུ་མ་བྱུང་། རྒྱུ་མཚན་དེར་དམིགས་ནས་བཙན་པོས་བོད་ཀྱི་ལོ་རྒྱུས་ཐོག་གི་སྐད་བཅད་གསུམ་དུ་གྲགས་པའི་ནང་གི་སྐད་བཅད་དང་པོ་དེ་མཛད། དེའི་སྐོར་གྱི་ལོ་རྒྱུས་ 《སྒྲ་སྦྱོར་བམ་པོ་གཉིས་ 》ལས། “སྔོན་བཙན་པོ་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙཱརྱ་བོ་དྷིསཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་བློན་ཁྲི་གཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྡ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་………”[3]ཞེས་པ་ལྟར། “བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལྟར་མཁན་པོ་དང་ལོ་ཙཱ་བ་རྣམས་ཚོགས་ཏེ། ལོ་ཙཱའི་ལག་ལེན་གྱི་གཞི་འཛིན་སའི་《སྒྲ་སྦྱོར་བམ་གཉིས》ཀྱི་གཞུང་ལུགས་གཏན་ལ་ཕབ་པ་དང་། སྔ་འགྱུར་མདོ་རྒྱུད་ཀྱི་གཞུང་ནང་གི་རྒྱ་གར་ཆོས་སྐད་བོད་ཀྱི་སྐད་དུ་བསྒྱུར་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་ཚིག་མཛོད་སྐད་གཉིས་ཤན་སྦྱར་མ་《སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ》གཏན་ལ་ཕབ། རྒྱལ་རབས་རིམ་བྱུང་གི་ལོ་ཙཱ་བ་རྣམས་ཀྱིས་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུར་བརྩིས་ཡོད”[4]ཅེས་གསུངས། བཙན་པོ་དེའི་སྐུ་རིང་ལ་གཞུང་ལུགས་གཏན་ལ་ཕབ་པ་དང་། བརྡ་ཆད་གཅིག་གྱུར་གནང་ནས་སཾ་བོད་ཤན་སྦྱར་གྱི་མིང་མཛོད་བསྒྲིགས་པ་དང་འགྱུར་བྱང་རྣམས་ཁ་བྱང་དུ་བཀོད་པ་དེས།གཅིག་ནས་ལོ་ཙཱའི་ལག་ལེན་ལ་སྐུལ་འདེད་བྱུང་བ་དང་། གཉིས་ནས་ལོ་ཙཱའི་གཞུང་ལུགས་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།
《སྒྲ་སྦྱོར་བམ་གཉིས》ཀྱིས་དེང་གི་ལོ་ཙཱའི་ལག་ལེན་ལ་ཡང་ཁྲིད་སྟོན་གྱི་ནུས་པ་ཤིན་ཏུ་ཆེ་བ་མ་ཟད། ས་སྐྱའི་དུས་སྐབས་སུ་ལོ་ཙཱ་དང་ལོ་ཙཱའི་རིག་གཞུང་འཕེལ་རྒྱས་ལའང་ཆ་རྐྱེན་བཟང་པོ་ཞིག་སྐྲུན་ཡོད། ས་སྐྱའི་དུས་སྐབས་སུ་ལོ་ཙཱའི་རིག་གཞུང་འཕེལ་རྒྱས་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡང་ལོ་ངོ་བཞི་བརྒྱའི་གོང་ནས་རང་རྐྱ་འཕེར་བའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད་པས། ལོ་པཎ་ཚོས་གཞུང་ལུགས་ཉིད་ལ་གཞིར་བཅོལ་བ་དང་སྦྲགས་རང་ཉིད་ཀྱིས་ལོ་ཙཱའི་ལག་ལེན་ནང་རིམ་གྱིས་སྔར་ཡོད་ཀྱི་གཞུང་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་ཡོད། སྤྱི་ལོའི་དུས་རབས་བཅུ་གཅིག་པར། དང་ཐོག་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་སྔ་ཕྱིར་ཞུས་ཆེན་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ། རྔོག་བློ་ལྡན་ཤེས་རབ་སོགས་ཀྱིས་ལོ་ཙཱའི་བྱ་གཞག་རྒྱ་ཆེར་སྤེལ་གནང་བ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་གཙོས་པའི་ལས་འགན་དང་དུ་བླངས་ཡོད། ལོ་ཆེན་གྱི་རྣམ་ཐར་ལས། “དེས་ན་ལོ་ཆེན་རིན་ཆེན་བཟང་པོ་མཆོག་གིས། སྔོན་གྱི་སྐད་བཅས་གཉིས་ཀྱི་རིགས་ལམ་གཞི་རྟེན་འོག་བོད་ཀྱི་ལོ་རྒྱུས་ཐོག་དོན་སྙིང་ལྡན་ལ་གྲུབ་འབྲས་ཆེ་ཤོས་ཀྱི་སྐད་གསར་བཅད་མཐའ་མའི་བྱ་བའི་མཇུག་རིམ་བསྐྱངས་འགོ་བརྩམས་ནས་སྔོན་གྱི་བརྡ། འོད་གསེར་ལ་འོད་ཟེར་དང་། འཛེར་ལ་ཟེར། སྐྱིལ་འཁོར་ལ་དཀྱིལ་འཁོར།……སྟུག་པོ་ལ་འཐུག་པོ་སོགས་སུ་བཅོས་ཤིང་”[5]ཞེས་པ་ལས་ཤེས་ཐུབ་ཅིང་། བཀས་བཅད་གསུམ་པ་ནི་བཀས་བཅད་སྔ་མ་གཉིས་ཀྱི་རྒྱུན་མཐུད་དང་སྔ་མའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་ཞིག་ཡིན། དེས་བོད་ཀྱི་གནའ་བོའི་བོད་ཀྱི་སྐད་ཡིག་དེ་ཚད་ལྡན་ཅན་དང་གཅིག་གྱུར་ཡོང་བ་བྱེད་པའི་ཕྱོགས་སུ་སྐུལ་འདེད་ངེས་ཅན་ཐེབས་ཡོད་ལ། དེང་རབས་ཅན་གྱི་ཡིག་སྒྱུར་ཕྱོགས་སུ་སྐུལ་འདེདགཏོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
         དེ་ཡང་། ས་སྐྱའི་སྲིད་དབང་མ་བཙུགས་གོང་ནས། བོད་ཀྱི་ཐ་སྙད་བཀས་གསར་བཅད་ཐེངས་གསུམ་པའི་མྱུ་གུ་འབུས་ཟིན་པས། དེས་ས་སྐྱའི་སྐབས་ཀྱི་ལོ་ཙཱའི་བྱ་གཞག་ལ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད་ཅེས་བརྗོད་ན་མི་འཐད་པ་མེད་སྙམ། གཞན་ཡང་བཀས་གསར་བཅད་ཐེངས་གསུམ་པ་འདི་ཉིད་ཀྱིས་བཀས་བཅད་གོང་མ་གཉིས་དང་འདྲ་བར་རིག་པའི་གནས་སྤྱི་དང་ལྷག་པར་ལོ་ཙཱའི་བྱ་གཞག་ལ་མེད་དུ་མི་རུང་བའི་ནུས་པ་ཐོན་ཡོད། 
         འོན་ཀྱང་ཁ་ཅིག་གིས། བཀས་བཅད་གསུམ་པའི་སྐབས་གཅིག་གྱུར་གྱི་སྲིད་དབང་མེད་པས་བཀས་བཅད་ཀྱི་ནུས་པ་ཆེར་མི་ཐོན་སྙམ་པའི་ཐེ་ཚོམ་གྱི་འདྲི་གཞི་དུ་མ་བྱུང་ཡོད། བསྟན་པ་ཕྱི་དར་གྱི་སྐབས་སུ་བཙན་པོའི་དུས་དང་འདྲ་བར་རིག་པའི་གནས་ལྔ་ལ་མཁས་པའི་ལོ་པཎ་རིམ་པར་བྱོན་པ་མ་ཟད། རྒྱ་གར་ནས་ཆེད་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སོགས་པའི་པཎྜིཏ་དུ་མ་སྤྱན་དྲངས་ནས་སངས་རྒྱས་བསྟན་པ་སླར་ཡང་གངས་ལྗོངས་ས་མཐོའི་སྐྱེ་དགུའི་དཔལ་དུ་ཤར་བ་དང་། རིག་གནས་གོང་འཕེལ་གྱི་མཐོ་རླབས་ཤིག་འཕྱུར་ཡོད། དུས་དེར་མཁས་པ་རྣམས་ཀྱིས་སྔར་གྱི་འགྱུར་ཡིག་མ་དག་པ་རྣམས་བཅོས་པ་དང་། དེ་བཞིན་ཡིག་ཟོར་ཡང་དུ་བཏང་བ་སོགས་བཀས་གསར་བཅད་དང་འབྲེལ་བའི་ཕྱག་ལས་མང་པོ་གནང་ཡོད། གལ་ཏེ་དུས་སྐབས་དེར་སྐད་དང་ཡི་གེའི་འཕེལ་འགྲོས་དང་བསྟུན་ནས་བཀས་གསར་བཅད་གནང་མེད་ཚེ། སྐད་ཡིག་གི་ནུས་པ་ཇི་བཞིན་མངོན་མི་ཐུབ་ལ། ལྷག་པར་དུ་ལོ་ཙཱའི་བྱ་གཞག་ལ་གནད་དོན་དེ་བས་ཚབས་ཆེ་བ་ཐོན་སྲིད།
         འགྱུར་བྱེད་མ་ཡིག་ལ་གཅིག་གྱུར་གྱི་བརྡ་ཆད་མེད་ན། མ་ཡིག་རྣམས་བུ་ཡིག་ཏུ་ཕབ་དཀའ་བ་མ་ཟད། ལོ་ཙཱ་བ་སོ་སོས་འགྱུར་ཡིག་ཏུ་རང་གི་ཡུལ་སྐད་བསྲེས་པ་དང་། བརྡ་གསར་རྙིང་གང་རུང་དུ་སྤྱད་པ་སོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ནས། ཀློག་པ་པོས་བུ་ཡིག་ལ་གོ་བ་ལོན་མི་ཐུབ་པ་མ་ཟད། འགྱུར་ཡིག་དེ་ཁྱབ་གདལ་གཏོང་རྒྱུར་ཡང་འགོག་རྐྱེན་ངེས་ཅན་ཐེབས་ངེས་རེད། དེའི་ཕྱིར། སྐྱོན་གྱིས་སྦགས་པའི་སྒྱུར་ཡིག་གིས་མི་རིགས་གཞན་གྱི་སྔོན་ཐོན་གྱི་རིག་གནས་ནང་འདྲེན་བྱ་མི་ཐུབ་པ་མ་ཟད། མི་རིགས་རང་ཉིད་ཀྱི་གདོད་མའི་དུས་ནས་ཡོད་པའི་ཐ་སྙད་རིག་གནས་ཀྱང་བརླག་ཉེན་ཤིན་ཏུ་ཆེ། དེས་ན་བཀས་གསར་བཅད་དང་བརྡ་ཆད་གཅིག་གྱུར་གྱིས་ལོ་ཙའི་ལས་རིགས་དང་མི་རིགས་རང་ཉིད་ཀྱི་རིག་གནས་སྤྱི་ལ་ཐོན་པའི་དགེ་མཚན་ནི་དཔག་པར་དཀའ་བ་ཞིག་ཡིན།
གསུམ་པ། ལོ་ཙཱའི་རིག་གཞུང་གོང་འཕེལ་གྱི་བརྒྱུད་རིམ།
         གཅིག །བཙན་པོའི་སྐབས་ཀྱི་ལོ་ཙཱའི་གཞུང་ལུགས།
         དུས་རབས་བརྒྱད་པའི་དུས་འགོ་སྟེ་སྤྱི་ལོ་814ལོར། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གཏན་ལ་ཕབ་པའི་《སྒྲ་སྦྱོར་བམ་གཉིས》དེ་ནི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་འཐུས་སྒོ་ཚང་ཤོས་ཤིག་ཡིན་པ་མཁས་པ་ཀུན་གྱིས་མ་གྲོས་གཅིག་མཐུན་ཡིན། རིན་ཐང་བྲལ་བའི་མེས་པོའི་ཤུལ་བཞག་ནོར་བུ་དེས་ཐོག་མཐའ་བར་གསུམ་དུ་ལོ་ཙཱའི་བྱ་གཞག་ལ་བླ་ན་མེད་པའི་མཛད་པ་བསྐྱངས་ཡོད། དེ་ཡང་། 《སྒྲ་སྦྱོར་བམ་གཉིས》གཙོས་པའི་བོད་ཀྱི་སྲོལ་རྒྱུན་ལོ་ཙཱའི་གཞུང་ལུགས་དེ་དག་དེང་གི་དུས་སུ་ཡང་ལོ་ཙཱ་བ་དང་ལོ་ཙཱར་ཞིབ་འཇུག་བྱེད་མཁན་རྣམས་ཀྱི་ཡིད་ཀྱི་དབང་པོ་འཕྲོག་དོན་ནི། 《སྒྲ་སྦྱོར་བམ་གཉིས》བྱུང་རྗེས་སྔ་རབས་ལོ་པཎ་རྣམས་ཀྱིས་རྒྱ་དཀར་ནག་གིས་གཙོས་པའི་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་། བྱེ་བྲག་རིག་གནས་ནང་འདྲེན་བྱེད་པའི་སྲོལ་བཟང་མ་ཉམས་རྒྱུན་འཛིན་དང་། ཕྱིས་སུ་ས་པཎ་ལ་སོགས་པའི་སྐད་གཉིས་སྨྲ་བའི་མཁས་མཆོག་རྣམས་ཀྱིས་ལག་ལེན་གྱི་ཁྲོད་དུ་སྔར་གྱི་གཞུང་ལུགས་རྒྱུན་འཛིན་གང་ལེགས་གནང་བའི་དབང་གིས་ལགས། ཁོང་རྣམ་པས་རང་ཉིད་ཀྱི་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་ཉམས་མྱོང་ལ་བརྟེན་ནས་གཞུང་འདི་ཉིད་ཞིབ་ཚགས་ཇེ་དམ་དང་འཐུས་སྒོ་ཇེ་ཚང་དུ་བཏང་བས་ཐུན་མོང་མ་ཡིན་པའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཤིག་རིམ་གྱིས་གྲུབ།
         སྐབས་དེའི་དྲིན་ཅན་ལོ་པཎ་རྣམ་པས་ཁྱད་དུ་འཕགས་པའི་བློ་གྲོས་དང་། དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་ལས་ལོ་ཙཱའི་ཐབས་ལམ་དང་རྩ་དོན། ཚད་གཞི། དཔྱད་བརྗོད་ཀྱི་རིགས་ལམ་སོགས་རྒྱས་པར་བསྟན་ནས། ལོ་ཙཱ་བ་རིག་པའི་མ་ལག་ཆ་ཚང་བ་ཞིག་གཏོད་ཡོད་ལ། གནའ་རབས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་《སྒྲ་སྦྱོར་བམ་གཉིས》ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད། ལྷག་པར་དུ་ཆོས་རྗེ་ས་པཎ་གྱིས་ལོ་ཙཱའི་བརྒྱུད་རིམ་ནང་ཐོས་པ་ཆུང་བའི་སྐྱོན་དང་ཡུལ་སྐད་སྦགས་པའི་སྐྱོན། སྔོན་བྱུང་གཏམ་རྒྱུད་མ་ཤེས་པར་ལོག་པར་བསྒྱུར་བའི་སྐྱོན། དོན་འགྱུར་ཤས་ཆེ་བའི་སྐྱོན་སོགས་སེལ་ཐབས་ཀྱི་ལམ་བུ་སོགས་བཏོན་ཡོད། བཙན་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་རིག་པ་དེ་རྒྱུན་འཛིན་དེ་བས་ཞིབ་ཏུ་བྱུང་། ཕྱི་རབས་ལོ་ཙཱ་བ་རྣམས་ཀྱིས་སྐྱོན་དེ་དག་ཁྱད་བསད་དང་རྒྱ་ཡན་དུ་མི་གཏོང་བར་དེ་མུར་ཐེར་འདོན་དང་། རང་སེལ། སྐྱོན་སེལ་སོགས་ལ་སྐུལ་ལྕག་ཀྱང་ཚད་མེད་བྱུང་ནས་ལོ་ཙཱའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་ཕན་ནུས་ཆེན་པོ་ཐོན་ཡོད།
         གཉིས། ས་སྐྱའི་དུས་སྐབས་ཀྱི་ལོ་ཙཱའི་གཞུང་ལུགས།
         བོད་བཙན་པོའི་སྐུ་དུས་སུ་གཏན་ལ་ཕབ་པའི་ལོ་ཙཱའི་གཞུང་《སྒྲ་སྦྱོར་བམ་གཉིས》དང་། བོད་སིལ་བུའི་དུས་དང་ལྷག་པར་ས་སྐྱའི་དུས་སུ་ལོ་པཎ་རྣམས་ཀྱིས་སྔར་སྲོལ་རྒྱུན་འཛིན་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བོད་སྔ་དུས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལོ་ཙཱའི་གཞུང་ལུགས་གལ་ཆེན་ཞིག་གྲུབ་ཡོད།
         ལོ་ཙཱའི་རིགས་ལམ་དེ་དག་གིས་དགའ་ལྡན་ཕོ་བྲང་དུས་སྐབས་དང་། ཉེ་རབས། དེ་བཞིན་དེང་སྐབས་ང་ཚོས་སྤྱོད་བཞིན་པའི་ཡིག་སྒྱུར་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་ལེགས་པོ་ཞིག་བཏིང་བ་དང་། སྔ་མཐུད་ཕྱི་སྦྲེལ་གྱི་ནུས་པ་བཟང་པོ་ཞིག་ཐོན་ཡོད།
         ས་སྐྱའི་དུས་སྐབས་སུ་བོད་ཀྱི་ལོ་ཙཱའི་རིག་པ་ལ་འཕེལ་རྒྱས་ཆེན་པོ་དེ་འདྲ་བྱུང་བའི་རྨང་གཞིའི་འོགདུས་རབས་བཅོ་བརྒྱད་པར་ཐམས་ཅད་མཁྱེན་པ་ལྕང་སྐྱ་རོལ་པའི་རྡོ་རྗེས་《དག་ཡིག་མཁས་པའི་འབྱུང་གནས》བརྩམས་གནང་། དག་ཡིག་དེའི་ནང་ལོ་ཙཱ་བར་ལྡན་དགོས་པའི་ཆ་རྐྱེན་བསྟན་པ། དེ་བཞིན་བརྡ་གསར་རྙིང་དང་དུས་གསུམ་དབང་གིས་བསྟན་དོན་ཐ་དད་པའི་ཐ་སྙད་སྒྱུར་ཚུལ་སོགས་སོག་བོད་ལོ་ཙཱའི་རིག་གཞུང་དམིགས་བསལ་ཞིག་ཆགས་ཡོད། དེ་ནི་ལོ་ཙཱའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གནང་བའི་རྨང་གཞིའི་ལས་བྱུང་བ་ཀུན་གྱིས་མཁྱེན་ངེས་ལགས། ཕྱིས་སུ་སཾ་བོད་ལོ་ཙཱའི་མཐའ་མར་གྲགས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལོ་པཎ་གོང་མ་རྣམས་ཀྱིས་སྒྱུར་གནང་བའི་བཀའ་དང་བསྟན་བཅོས་མང་པོ་ཞིག་རྒྱ་གར་གྱི་མ་དཔེར་བལྟས་ནས། འགྱུར་དཔྱད་དང་ཞུས་དག་གནང་ནས་ལོ་ཙཱའི་གཞུང་ལུགས་སྤྱི་ལ་ཁ་གསབ་དང་འགྱུར་མའི་སྤུས་ཚད་ཇེ་མཐོར་གཏོང་བ་ལ་སོགས་པའི་མཛད་འཕྲིན་རླབས་རྒྱུན་སྤེལ། 
         ས་སྐྱའི་དུས་སྐབས་སུ་སྙན་རྩོམ་དང་གཞུང་ཡིག ལོ་རྒྱུས་རྩོམ་རིག་སོགས་གྲགས་ཅན་གྱི་གསུང་རྩོམ་མི་འདྲ་བ་སཾསྐྲྀཏའམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་དུ་མ་ཡོད། དེ་དག་སྒྱུར་བའི་ལག་ལེན་དངོས་ཀྱི་བརྒྱུད་རིམ་ཁྲོད་དུ་རྩ་དོན་དང་ཚད་གཞི། ཐབས་ཤེས་སོགས་མི་འདྲ་བ་སྤྱད་པའི་སྣང་ཚུལ་དེས། སྒྱུར་རྩོམ་སོ་སོར་ཚང་དགོས་པའི་ཆ་རྐྱེན་ཡོངས་སུ་ལྡན་པ་མ་ཟད། ལོ་ཙཱའི་ལག་ལེན་ལ་གཞུང་ལུགས་ཀྱི་ཁྲིད་སྟོན་ལེགས་པོ་བྱས་ཡོད།
         མདོར་ན། ས་སྐྱའི་དུས་སྐབས་སུ་ལོ་པཎ་རྣམ་པས་ལོ་ཙཱའི་རིག་གཞུང་འཕེལ་རྒྱས་ཤུགས་ཆེན་བཏང་བ་དེས་ཕྱིས་ཀྱི་ལོ་ཙཱ་བ་རྣམས་ལ་གཞུང་ལུགས་ཀྱི་གཞི་འཛིན་ས་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པ་ཞིག་བྱུང་ཡོད།
གསུམ། ལོ་ཙཱའི་བྱ་གཞག་ལ་སྐུལ་འདེད་བྱུང་ཚུལ།
         རིགས་པའི་གཞུང་ལུགས་ནི་དོན་དངོས་དང་ལག་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གནའ་གཏམ་ལས་གྲགས། མ་ཟད་རིགས་པའི་གཞུང་ལུགས་དང་ཉམས་མྱོང་དེས་ལག་ལེན་དངོས་ལ་མཛུབ་སྟོན་གྱི་ནུས་པ་ཐོན་ཡོད། ལོ་ཙཱའི་བྱ་གཞག་ནི་ཕྱིའི་འཇིག་རྟེན་ལ་བལྟ་བའི་མིག་ཡིན་པ་མ་ཟད། མི་རིགས་གཞན་གྱི་རིག་གནས་ཤེས་དཔལ་འདྲེན་པའི་ཟམ་པ་ལྟ་བུ་ཡིན། བོད་གངས་ཅན་ལྗོངས་ཀྱི་ཁྱད་དུ་འཕགས་པའི་བཅུ་ཕྲག་རིག་གནས་ནི་མཁས་དབང་དང་ལོ་པཎ་རྣམས་ཀྱིས་བློ་གྲོས་དང་ངལ་བར་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལགས། གལ་ཏེ་ཡང་དག་པའི་ལོ་ཙཱའི་གཞུང་ལུགས་ཀྱི་ཁྲིད་སྟོན་མེད་ན། མུན་ནག་ཁྲོད་ཀྱི་སྦར་མྱུལ་ལྟ་བུའི་ཡིག་འགྱུར་གྱིས་རང་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་མི་ཐུབ་ལ། ཡང་དག་པའི་སྒོ་ནས་ཕྱིའི་འཇིག་རྟེན་ལ་བལྟ་ཐབས་བྲལ།
         ས་སྐྱའི་དུས་སྐབས་སུ་བཀའ་དྲིན་ནམ་མཁའི་མཐའ་དང་མཉམ་པའི་ལོ་པཎ་དེ་དག་གིས། སྔར་གྱི་ལོ་ཙཱའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་དུ་འཚོ་བ་དང་ལག་ལེན་ཟུང་འབྲེལ་གྱིས་ལོ་ཙཱའི་རིགས་གཞུང་གསར་གཏོད་གནང་། རིགས་ལམ་དེ་དག་གིས་མཛུབ་སྟོན་འོག་ཉེ་འཁོར་རྒྱལ་ཁབ་དང་མི་རིགས་མང་པོའི་རིག་གནས་ཀྱི་ཉིང་བཅུད་བླངས་ནས་རིག་གནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་ཐེབས། ས་སྐྱའི་དུས་སྐབས་ཀྱི་ལོ་ཙཱའི་འཕྲིན་ལས་དར་རྒྱས་ཆེ་བར་བརྟེན་ནས་བོད་དུ་བཅུ་ཕྲག་རིག་པའི་ལམ་སྲོལ་ཡོངས་སུ་རྫོགས་པར་ཕྱེ། དེའི་སྐབས་སུ་ས་པཎ་དང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་གཙོས་པའི་མཁས་གྲུབ་ལོ་པཎ་རྣམས་ཀྱིས་སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་དང་སྒྲ་རིག་པ་སོགས་རིག་གནས་ཆེ་ཆུང་མང་པོ་རྒྱ་གར་ནས་བོད་ཀྱི་སྐད་དུ་བསྒྱུར་བར་མཛད་ཅིང་། དེས་བོད་ཀྱི་འོད་སྟོང་འཕྲོ་བའི་ཤེས་རིག་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་མཛད་པ་བླ་མེད་བཞག་ཡོད། ཕྱིས་སུ་གཞུང་དེ་དག་གི་འགྲེལ་པ་དང་བྱེ་བྲག་གི་གཞུང་ཁག་སྒྱུར་རྒྱུའི་ལས་དོན་ལའང་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན། སྐབས་དེའི་ལོ་པཎ་ཁྱུ་ཚོགས་ཀྱིས་བསྒྱུར་བ་དང་བརྩམས་པའི་གཞུང་དེ་དག་གིས་ཕྱིས་ཀྱི་ལོ་ཙཱ་བ་དང་། ད་ལྟའི་ཡིག་སྒྱུར་གྱི་ཆེད་ལས་པ་རྣམས་ལ་ཡང་མིག་དཔེ་དང་གཞི་འཛིན་ས་ལེགས་པོ་ཞིག་བསྐྲུན་ཡོད་ལ། ཡབ་མེས་ཀྱི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་སྲོལ་བཟང་མ་ཉམས་གོང་འཕེལ་ཡོང་བའི་ལམ་བུ་ཞིག་གཏོད་ཡོད།
         མཇུག་བསྡུ་བའི་གཏམ།
         ས་སྐྱའི་དུས་སྐབས་སུ་བོད་ཀྱི་ལོ་ཙཱའི་རིག་གཞུང་ལ་འཕེལ་རྒྱས་ཆེན་པོ་དེ་འདྲ་ཡོང་དོན་ནི། ཡབ་མེས་དུས་ཀྱི་དྲིན་ཅན་ལོ་པཎ་རྣམ་པའི་བློ་གྲོས་ཀྱི་ཉིང་བཅུད་ལས་ལོ་ཙཱའི་གཞུང་ལུགས་འཐུས་སྒོ་ཚང་ཡོད་པ་དང་གཅིག སྐབས་དེའི་བོད་ཀྱི་སྤྱི་ཚོགས་རང་ངོས་ནས་དཔལ་དབྱོར་དང་ཆབ་སྲིད་ཀྱི་རྒྱབ་རྟེན་བཟང་པོ་བསྐྲུན་ཡོད་པ་དང་གཉིས། དེ་བཞིན། བསྟན་པའི་མེ་རོ་གངས་ཅན་ཡུལ་དུ་གསོ་བར་གནང་མཁན་གྱི་སྐྱེས་མཆོག་དམ་པ་རྣམས་ཀྱི་ཐུགས་སྨོན་ལ་སོགས་དང་ཁ་བྲལ་ཐབས་མེད། མདོར་ན། ས་སྐྱའི་དུས་སྐབས་ཀྱི་ལོ་པཎ་རྣམས་ཀྱི་མཛད་རྣམ་ལས། རང་མི་རིགས་ཀྱི་རིག་གནས་ཉམས་པ་སོར་བཅུད་དང་མི་ཉམས་གོང་འཕེལ་བྱུང་ཡོད་པ་དང་། ཕྱིའི་འཇིག་རྟེན་གྱི་འཕེལ་ཕྱོགས་དང་མཐུན་པའི་གོམ་སྟབས་གསར་པ་ཞིག་བོད་ལྗོངས་ས་མཐོའི་སྟེང་སྤོ་གནང་མཛད་ཡོད།
         དཔྱད་གཞིའི་ཡིག་ཆ།
         [1] ལྡེའུ་ཇོ་སྲས། ལྡེའུ་ཆོས་འབྱུང་།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། 1997ལོར་པར་བསྐྲུན་བྱས། ཤ65
         [2] ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀན་གྲུབ་མཐའ།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། 1004ལོར་པར་པར་སྐྲུན་བྱས། ཤ65
         [3] སྒྲ་སྦྱོར་བམ་པོ་གཉིས་པ།[G] མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། 2012ལོའི་པར་ཐེངས་གསུམ་པ། ཤ2
         [4] དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོས་རྩོམ་སྒྲིག་བྱས། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་།[M] མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། 2009ལོའི་པར་ཐེངས་གཉིས་པ། ཤ65
         [5] རྨེ་རུ་ཚེ་རིང་དོན་གྲུབ། ལོ་ཆེན་རིན་ཆེན་བཟང་པོའི་མཛད་འཕྲིན་ཞིབ་མོ་རྣམ་འབྱེད།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། 2014ལོའི་པར་ཐེངས་དང་པོ། ཤ128
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1