གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༣ཉིན།

ཕྱོགས་ཡོངས་ནས་དཀར་མཛེས་ཁུལ་གྱི་མཛེས་སྡུག་མངོན་པའི་གློག་བརྙན་ཞིག


《འཕྲེད་བཅད་རི་བོའི་བརྩེ་གླུ》



དོ་སྣང་ཆེན་པོ་བྱེད་པའི་གློག་བརྙན་ཞིག

2018ལོའི་སྤྱི་ཟླ10པའི་ཚེས16ཉིན། རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་སྤྲད་པའི་པར་ལེན་ཆོག་འཐུས་ལག་ཁྱེར་གྱི་གློག་བརྙན《འཕྲེད་བཅད་རི་བོའི་བརྩེ་གླུ》ཐོབ་པ་དང་དར་རྩེ་མདོ་རུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གྲགས་ཅན་རྩོམ་པ་པོ་དང་རིག་གནས་མཁས་དབང་། གློག་བརྙན་མཉམ་འབྲེལ་པར་ལེན་སྡེ་ཚན། མ་དངུལ་འཇོག་མཁན་ཚོང་པ་སོགས་ཞུགས་ནས་འཁྲབ་གཞུང་དང་དེ་བཞིན་ཐོན་རྫས་ལ་ཞིབ་འཇུག་གྲོས་བསྡུར་གྱི་ཚོགས་འདུ་འཚོགས་པ་རེད།

ཞིབ་འཇུག་གྲོས་བསྡུར་གྱི་ཚོགས་འདུའི་ཐོག་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་རྡོ་རྗེ་ཕུན་ཚོགས་ཀྱིས་འཁྲབ་གཞུང་དེ་གསར་རྩོམ་བྱེད་སྐབས་དཀར་མཛེས་ཁུལ་གྱི་གནས་མཆོག་ས་གཞི་དེར་གཞི་ཚུགས་པ་དང་རང་ཉིད་ཀྱིས་ཁམས་པའི་ས་ཆར་དམིགས་བསལ་དུ་ཡོད་པའི་རིག་གནས་དང་དད་མོས་གཞིར་བཟུང་སྟེ། མི་རྣམས་ཀྱི་སེམས་གཏིང་གི་བརྩེ་དུང་གིས་འཛམ་གླིང་ལ་གོ་བ་གཏིང་ཟབ་བླངས་ནས་གསར་རྩོམ་བྱས་པའི་བོད་ཀྱི་རོལ་དབྱངས་གློག་བརྙན་འཁྲབ་གཞུང་དང་པོ་དེར་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན། ཚོང་ལས་ཀྱི་རིན་ཐང་བཅས་ལྡན་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད། སྤྱི་ཁྱབ་ཇུས་འགོད་པ་དང་པར་གཞི་འདོན་མཁན་གྱི་ཡ་གྱལ་རྒྱ་དཔངས་བཀྲ་ཤིས་ཀྱིས་གློག་བརྙན་དེའི་ཇུས་འགོད་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་བརྗོད་བྱ་གཙོ་བོ་དེར་གཞི་ཚུགས་པ་དང་རྒྱལ་སྲུང་གཞུང་ལམ318པ་བརྒྱུད་ཡུལ་གྱི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཐབས་མཁས་ཀྱི་སྒོ་ནས་འབྲེལ་མཐུད་བྱས་ཏེ་སྔོག་འདོན་དང་གསར་གཏོད་གཏིང་ཟབ་བྱས་ནས་ཁྱད་ཆོས་དམིགས་བསལ་ལྡན་པའི་ས་གནས་རང་གི་རིག་གནས་ཀྱི་གཞི་རྒྱུ་དང་མཚོན་རྟགས་མངོན་པར་བྱས་ཡོད་ཅེས་བཤད་པ་རེད། ཞིབ་འཇུག་གྲོས་བསྡུར་བྱས་པར་བརྒྱུད་གནད་ལ་འཁེལ་བའི་བཟོ་བཅོས་བསམ་འཆར་དང་གྲོས་མགོ་མི་ཉུང་བ་ཞིག་བཏོན་ནས་སླར་ཡང་འཁྲབ་གཞུང་བརྡར་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད་པ་རེད།

སྒྲུང་གཏམ་གྱི་བྱུང་རིམ་གཞིར་བཟུང་། གློག་བརྙན་གྱི་མི་སྣ་གཙོ་བོ་ཁྲོན་བོད་གཞུང་ལམ་བརྒྱུད་ཡུལ་གྱི་ལྕགས་ཟམ་ཁ་དང་དར་མདོ། ཉག་ཆུ། ལི་ཐང་བཅས་བརྒྱུད་མཐར་འབའ་ཐང་བཅས་སུ་འཁྲབ་སྟོན་བྱས་ཤིང་། རྒྱལ་མོ་རྔུལ་ཆུ་འཕྲེད་བརྒལ་བྱས་པའི་ཁམས་པའི་ཟམ་པ་དང་པོ་དང་དར་མདོ་གྲོང་ཁྱེར་གྱི་ཡུལ་ལྗོངས་ཚང་མ། གྲོང་མགོ་གྲོང་སྡེའི་མཐོངས་ཡངས་ཆུ་ཚན། གངས་དཀར་རི་ཚོགས། ཉག་ཆུ་གནམ་ལམ་གྱི་ཁུག་ཀྱོག་བཅོ་བརྒྱད། ཁམས་པའི་ཕོ་རྒོད་གྲོང་སྡེ། ལི་ཐང་རྫོང་གྲོང་། དུད་ཚང་སྟོང་གི་བོད་སྡེ། དགེ་སྙི། འབའ་ཐང་གི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ནི་གློག་བརྙན་གྱི་རྣམ་པ་འདེམས་སྤྱོད་བྱ་ཡུལ་ཡིན་པ་རེད།

མཛེས་ལྗོངས་གདམ་གསེས་དང་ཡུལ་ལྗོངས་རྩད་ཞིབ་བྱ་རྒྱུའི་གནད་དོན་ཐད། གློག་བརྙན་འདིས་ཐོག་མཐའ་བར་གསུམ་དུ“ཁྱད་ཆོས་འབུར་ཐོན་དང་ལེགས་འདེམས”ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་དཔེ་མཚོན་ཁྱད་ཆོས་ལྡན་པའི་རྣམ་པ་བདམས་ཡོད། ཟློས་གར་གྱི་ནང་དོན་དང་མཐུན་པར་མ་ཟད་ལུགས་མཐུན་ཡོང་རྒྱུར་སྣང་ཆེན་བྱས་ནས་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད་པ་རེད།

གླུ་གཞས་ནི་རོལ་དབྱངས་གློག་བརྙན་གྱི་བླ་སྲོག་ཡིན་པ་དང་དེའི་སྤུས་ཚད་ནི་གློག་བརྙན་ལེགས་གྲུབ་ཡིན་མིན་གྱི་འགག་རྩའི་རྒྱུ་རྐྱེན་གྲས་ཤིག་རེད། 《འཕྲེད་བཅད་རི་བོའི་བརྩེ་གླུ》ཞེས་པའི་ནང་གི་གླུ་གཞས་བཅུ་གཉིས་ཡོད། སོ་སོར《ངས་འཚོལ་རྒྱུ་ཡིན།》ཞེས་པ་དེ་ལི་ཐང་རྫོང་ལ་གསར་རྩོམ་བྱས་པ་དང་། 《ཁམས་པའི་ཕོ་རྒོད་ཀྱི་གླུ་གཞས》ཞེས་པ་དེ་ཉག་ཆུ་རྫོང་ལ་བརྩམས་པ། 《ཆང་གཞས》ཞེས་པ་འབའ་ཐང་གི་གནའ་ཉམས་སོར་གནས་ཀྱི་ཆང་གཞས་ཡིན། 《ཁྱེད་ལ་ཐུག་པ》ཞེས་པ་དེ་འབའ་ཐང་མཚོ་ཕུ་ལུང་པར་གསར་རྩོམ་བྱས་པ་སོགས་བོད་རིགས་ཀྱི་གཞས་མ་གྲགས་ཅན་ཧན་ཧུང་དང་གྲོ་མོ་གཉིས་ཀྱིས་གཙོ་བོ་བླངས་ཤིང་། འཇམ་དབྱངས་ཆོས་སྒྲོན་དང་པ་ཅིན་དབང་རྒྱལ། ཆོས་མོ་ཀུའུ་ཧུང·ཆིའུ་ཧྥུང་སོགས་ཕུལ་བྱུང་གཞས་པ་ཚོས་སྤྲོ་སེམས་འཕེལ་བའི་ངང་གཞས་བཏང་བ་དང་། གློག་བརྙན་གྱི་ཇུས་འགོད་དུ་གླུ་ཤགས་རྒྱག་པ་ཡོད་ལ་ཁེར་རྐྱང་གླུ་གཞས་ཀྱང་ཡོད། བརྩེ་དུང་མཚོན་མཁན་ཡོད་ལ་གཉེན་ཉེའི་བརྩེ་དུང་དང་མཛའ་གཅུགས་བཅས་ཀྱང་ཡོད་པ་རེད།

《འཕྲེད་བཅད་རི་བོའི་བརྩེ་གླུ》ཞེས་པའི་འཁྲབ་སྟོན་པའི་དཔུང་ཤུགས་ཧ་ཅང་ཆེ་ཞིང་། སྐྱེས་པ་ཨང་དང་པོ་བཀྲ་ཤིས་དོན་གྲུབ། དེ་སྔོན《ཐང་རྒྱལ་རབས་ཀྱི་རྒྱལ་པོའི་ལོ་རྒྱུས་ངོ་མཚར་བའི་གཏམ་རྒྱུད།》དང་། 《ཁྲག་འཛིང་ཉིང་པོ།》《མར་མེ》སོགས་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་འཁྲབ་སྟོན་ནང་ཞུགས་མྱོང་ཡོད། བུད་མེད་ཨང་དང་པོ་ལིའོ་ཡུའེ། དེ་སྔོན《ནམ་གུང་གི་ལམ་འཁྲུལ།》དང་། 《ཐང་སྟོང་གི་བརྩེ་སེམས།》《དབྱར་ཁ་ནི་ཉིན་གཅིག་ལས་མེད།》སོགས་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་ཡོད། དེ་མིན་གྱི་འཁྲབ་སྟོན་པ་ཆོས་མོ་ཀུའུ་ཧུང·ཆིའུ་ཧྥུང་དང་པ་ཅིན་དབང་རྒྱལ། རིན་ཆེན་དཔལ་རིག བསྟན་འཛིན་རྡོ་རྗེ། དབྱངས་ཅན་སྒྲོལ་དཀར། དཀོན་མཆོག་ལྷ་མོ། ཡིད་དགའ། བཀྲ་ཤིས་མཚོ། དགེ་ལྡན་བཀྲ་ཤིས་སོགས་འཁྲབ་སྟོན་པ་གཙོ་བོ་ཚང་མ་ནི་བྱས་རྗེས་དང་སྐད་གྲགས་ལྡན་པའི་འཁྲབ་སྟོན་པ་ཤ་སྟག་རེད།

གསར་གཏོད་དང་མཉམ་ལས་ཀྱི་གློག་བརྙན་ཞིག

ཞིབ་འཇུག་གྲོས་བསྡུར་བྱས་པར་བརྒྱུད། 1963ལོར་གློག་བརྙན《འཁྱགས་རིའི་སྟེང་གི་མགྲོན་པོ》ཞེས་པ་པར་སྐྲུན་བྱས་པ་ནས་བཟུང་། རང་རྒྱལ་དུ་ད་དུང་དོན་དངོས་ཐོག་རོལ་མོའི་གློག་བརྙན་ཞིག་བྱུང་མ་མྱོང་། འདི་ནི་ཚབས་ཆེ་བའི་ཆད་སྐྱོན་ཞིག་རེད། གློག་བརྙན་འདིའི་སྒྱུ་རྩལ་གྱི་ངོས་ནས་བརྗོད་ནའང་འདྲ་ཡང་ན་ལག་རྩལ་གྱི་ངོས་ནས་བརྗོད་རུང་ཚང་མ་འགྲན་སློང་ཆེན་པོ་ཞིག་ཡིན་ཞིང་། གློག་བརྙན་དེ་ཚོད་ལྟ་དང་གསར་གཏོད་བྱེད་ཕོད་པ་ནི་དྲི་མེད་དྭངས་གཙང་གི་ས་གཞི་འདིར་སྐྱེས་པའི་མི་རིགས་ལས་བྱུང་བ་དང་། “སྐད་ཆ་བཤད་ཤེས་པ་ཙམ་ལས་གླུ་ལེན་ཤེས་པ་དང་གོམ་པ་སྤོ་ཤེས་པ་ཙམ་གྱི་བྲོ་འཁྲབ་ཤེས”ཞེས་པའི་ལྷན་སྐྱེས་ཀྱི་ཡོན་ཏན་དང་སྲོལ་རྒྱུན་ལས་བྱུང་བ་རེད།

གློག་བརྙན་བདེ་བླག་ངང་པར་ལེན་ཐུབ་པ་དེ་ཟློས་གར་ཚོགས་ཆུང་གི་ལས་དོན་མི་སྣ་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད། པར་ལེན་ཚོགས་ཆུང་གིས་ཉག་ཆུ་རྫོང་གི་མཁའ་ལམ་བཅོ་བརྒྱད་པར་ལེན་བྱེད་ཆེད། རྒྱལ་སྲུང་གཞུང་ལམ318པ་ཉམས་གསོ་བྱས་ནས་གཏོང་བའི་དུས་ཚོད་ཡོལ་པས་ཡུན་རིང་བསྒུགས་དགོས་པ་དང་ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་གྲོང་སྡེར་པར་རྒྱག་པར་འགྲོ་སྐབས། གནམ་གཤིས་ཡག་པོ་མེད་པས་ཡང་དུས་ཡུན་རིང་པོ་བསྒུགས་དགོས་པས་བཀྲེས་ལྟོགས་ཀྱིས་མནར་བ་ནི་རྒྱུན་ལྡན་གྱི་འཚོ་བ་ཞིག་རེད། སྐར་མ་ཁ་ཤས་ཀྱི་ཆེས་ལེགས་པའི་པར་རིས་དང་བརྙན་ལམ་ཐོབ་ཆེད། རྒྱུན་དུ་བསྐྱར་དུ་པར་ལེན་ཐེངས་མང་བྱེད་དགོས་ཀྱི་ཡོད་པ་རེད།

ལི་ཐང་རྫོང་གིས་རྟ་རྒྱུག་དུས་སྟོན་གཉེར་བ་དང་དར་རྩེ་མདོ་རུ་ཁུལ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་རྟེན་འབྲེལ་ཆེན་མོ་གཉེར་རིང་། པར་ལེན་ཚོགས་ཆུང་གིས་པར་རྒྱག་ས་ཡག་པོ་བདམས་ཏེ་འཛམ་གླིང་གི་མཁའ་དབྱིངས་གྲོང་ཁྱེར“རྟ་ཁྲི་སྟོང་མཉམ་དུ་རྩེ་བ”དང་། གཞི་ཁྱོན་ཆེ་བའི“འབའ་བྲོ”དང“ཉག་ཆུའི་ཁམས་པའི་ཕོ་རྒོད”བཅས་ཀྱི་མཛེས་སྡུག་ལྡན་པའི་བརྙན་དུ་བླངས།

ད་ལོ་ལོ74ལ་སླེབས་པའི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་། ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྐབས་དྲུག་པའི་སྲིད་གྲོས་ཨུ་ཡོན་དབྱངས་ཅན་སྒྲོལ་དཀར་ནི་ལོ་ན་ཆེས་ཆེ་བའི་འཁྲབ་སྟོན་པ་ཡིན། ཁོང་གིས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན50ལྷག་ཏུ་དུས་རབས་མི་འདྲ་བ་དང་ཉམས་འགྱུར་མི་འདྲ་བའི་རྨོ་བོ་དང་ཨ་མའི་གཟུགས་བརྙན་བསྟན་ཡོད། མོ་ལ་དང་ཐོག་འཁྲབ་སྟོན་གྱི་གདན་ཞུ་འབྱོར་སྐབས་འཕྲལ་དུ་དང་ལེན་མ་བྱས། མཇུག་མཐར་འཁྲབ་ཁྲིད་པས་ཡང་ཡང་གདན་འདྲེན་ཞུས་པ་དང་འཁྲབ་གཞུང་ལ་བལྟས་རྗེས་སེམས་འགུལ་ཆེན་པོ་ཐེབས་ཏེ་འཁྲབ་སྟོན་བྱ་རྒྱུ་ཁས་བླངས་ནས་ལུས་སེམས་གཉིས་ཀ་འཁྲབ་སྟོན་ལ་ཞུགས། འཁྲབ་སྟོན་པ་རྒན་གྲས་ཤིག་གི་ལས་བཀུར་སྙིང་སྟོབས་དང་བྱང་ཆུབ་པའི་འཁྲབ་རྩལ་མངོན་ཡོད་པ་རེད།

གློག་བརྙན《འཕྲེད་བཅད་རི་བོའི་བརྩེ་གླུ》ཞེས་པའི་གྱོན་ཆས་དང་མཛེས་འཆོས་སྤྲས་པ། འཁྲབ་ཆས་བཅས་ལ་རེ་བ་མཐོན་པོ་ཡོད་ཅིང་། ངེས་པར་དུ་དཀར་མཛེས་ཁུལ་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་ཡིད་དབང་འགུག་ཤུགས། ཁྱད་ཆོས་སོགས་ཕྱོགས་མང་པོ་ནས་ཞིབ་བསྡུར་བསལ་འདེམས་བྱས་རྗེས། མཛེས་འཆོས་དགེ་རྒན་དེ་ཚུ་ལི་ཅེས་བྱས་ཤིང་། ཁོང་གིས་རང་གི་བློ་བདེ་བ་དང་གཞན་གྱི་ཡིད་དབང་འཕྲོག་པ་ཞིག་བྱེད་ཆེད་སྲང་ལམ་བརྒྱ་དང་ཚོང་ཁང་སྟོང་ལ་ཕྱིན་ཏེ་བལྟས་ན་མིག་ལ་མཛེས་པ་དང་གྱོན་ན་ལུས་ལ་འཚམ་པའི་གོས་ཤིག་གདམ་པར་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་སྔ་ལངས་བྱ་དང་དགོང་ཉལ་ཁྱི་བཞིན་བྱ་བ་བསྒྲུབས་པ་རེད།

གློག་བརྙན་དེའི་བརྗོད་བྱ་གཙོ་བོའི་རོལ་དབྱངས《ཁྱེད་དང་ཐུག་པ》ཞེས་པ་འབའ་ཐང་མཚོ་ཕུ་མཛེས་ལྗོངས་ཁུལ་དེMVཡི་རྣམ་པའི་ཐོག་ནས་མངོན་དགོས། དེ་ནི་གློག་བརྙན་ཧྲིལ་པོའི་ནང་དམིགས་བསལ་ནུས་པའི་འདུས་ཚད་མཐོ་ཤོས་དང་ལག་རྩལ་གྱི་དཀའ་ཚད་ཆེ་ཤོས་དེ་ཡིན་པས་པར་ལེན་བྱེད་རིང་། ཆེད་ལས་ཚོགས་པས་འགན་བཅོལ་བྱ་ཐབས་འཐུས་སྒོ་ཇེ་ཚང་དུ་བཏང་ཡང་དངོས་སུ་པར་ལེན་བྱེད་སྐབས་བསམ་ཡུལ་ལས་འདས་པའི་ཉེན་ཁ་ཐོན་གྱི་ཡོད་པ་རེད།

ཕྱོགས་སོ་སོའི་རྒྱབ་སྐྱོར་ ཆེན་པོ་ཐོབ་པའི་ གློག་བརྙན་ཞིག

པར་ལེན་ཚོགས་ཆུང་གང་དུ་སླེབས་ཀྱང་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཉག་ཆུ་རྫོང་དང་ལི་ཐང་རྫོང་གིས་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཆེད་བསྐོས་མི་སྣ་དམིགས་འཛུགས་བྱས་ནས་པར་ལེན་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱས་ཤིང་། འབའ་ཐང་རྫོང་གིས་ལས་བགོས་འགན་གཉེར་མགོ་ཁྲིད་བཀོད་སྒྲིག་བྱས་ནས་འབྲེལ་ཡོད་སྡེ་ཚན་སྐོང་ཚོགས་དང་མཐུན་སྦྱོར་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་གཞོགས་འདེགས་ལས་དོན་ཡག་པོ་བསྒྲུབས་པ་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་པར་ལེན་ཚོགས་ཆུང་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ། མཐུན་རྐྱེན་བསྐྲུན་པ། འཁྲབ་ཚན་ཚོགས་ཆུང་གི་པར་ལེན་ལ་གཞོགས་འདེགས་བྱ་ཆེད། དུས་ཡུན་ཧ་ཅང་ཐུང་ངུའི་ནང་སློབ་མ་དང་། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། མང་ཚོགས་བཅས་ལས་གྲུབ་པའི་པི་ཝང་འཁྲབ་སྟོན་སྒྲིག་འཛུགས་བྱས་པ་རེད། ཚོན་མདངས་རྣམ་པར་བཀྲ་བའི་ཞིང་སྡེའི་མཛེས་ལྗོངས་གཞུང་ལམ་དུ་སྒྲ་སྙན་ལྷང་ལྷང་གྲག་ལ། རྒྱ་སེ་དམར་པོ་ལྷབ་ལྷུབ་གཡོ་ཞིང་། མཛེས་སྡུག་ལྡན་པའི་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་ས་མཐོའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཁྱུང་མཁར་འབའ་ཐང་གི་ཚོན་མདངས་རྣམ་པར་བཀྲ་བའི་བརྙན་དངོས་ཤིག་ཏུ་གྱུར། འབའ་ཐང་གི་ཁྲོམ་ལམ་རྙིང་པ། དཔའ་རྒོད་རྒོད་པོ་རྣམས་ཀྱིས་གཟབ་མཆོར་སྤྲས་ཏེ་རྟ་ཞོན་ནས་སོང་བ་དང་། རྟ་ཕོ་བཞི་བཅུ་ལྷག་གིས་རྟ་ཡི་ཟེ་བ་དང་རྔ་མ་ལ་རྒྱན་དང་སྐེའི་དྲིལ་བུ་སོགས་བཏགས་པ་དང་། བུད་མེད་ཨང་དང་པོས་འབའ་ཐང་བུད་མེད་ཀྱི་རྒྱན་གོས་སྤྲས་ནས་གཉེན་སྟོན་གྱི་རྣམ་པ་ཆེན་པོ་ཞིག་འཁྲབ་སྟོན་བྱས། འབའ་ཐང་གི་གནའ་སྔ་མོའི་གཉེན་སྒྲིག་རིག་གནས་སླར་གསོ་བྱས་ནས་གློག་བརྙན་ཡག་ཐོག་ཡག་བརྒྱབ་པ་དང་བཟང་ཐོག་བཟང་བརྩེགས་ཡོད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1