དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་ལན་ཆ་ཆེན་པོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-23


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་12པའི་ཚེས་16ནས་ཚེས་18ཉིན་བར་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ད་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ། སྤྱི་ལོ་2021ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་བྱས་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྡ་རྟགས་གསལ་པོ་བརྒྱུད་སྤྲོད་བྱས་ཡོད། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། ཕྱར་བ་གྲུ་འདེགས་དང་གསར་གཏོད་ཡར་བརྩོན་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཡག་པོ་ཞིག་འཛུགས་དགོས་ཞེས་བསྟན་ཡོད།
        ད་ལོ་ནས་བཟུང་། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། རང་རྒྱལ་གྱིས་དཀའ་སྤྱད་འབད་བརྩོན་བྱས་པས། འཛམ་གླིང་ཡོངས་སུ་དཔལ་འབྱོར་འཕར་སྣོན་ཕྱིན་པའི་དཔལ་འབྱོར་དངོས་ཚན་གཙོ་བོ་ཉག་ཅིག་ཏུ་གྱུར་ནས། མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཆོག་པ་བཅས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག སང་ལོ་འཛམ་གླིང་གི་དཔལ་འབྱོར་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོང་རྒྱུ་དང་། སླར་གསོ་བརྟན་པོ་མེད་པ་དང་དོ་སྙོམས་མེད་པ། རིམས་ནད་ཀྱི་ཕོག་ཐུག་ལས་བྱུང་བའི་ཉེན་ཁ་སྣ་ཚོགས་ལ་སྣང་ཆུང་བྱེད་མི་རུང་བས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་བཏང་ནས། དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་ཅུད་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་སླར་གསོ་འགྲོ་བའི་འཕེལ་རིམ་ཁྲོད་སྙོམས་སྒྲིག་གི་མྱུར་ཚད་དང་ཤུགས་ཚད་སྟངས་འཛིན་ལུགས་མཐུན་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཧུར་ཐག་བྱས་ནས་དཔལ་འབྱོར་འཕར་ཆག་སྔོན་འགོག་བྱ་རྒྱུ་ནི་སྤྱི་ཁོག་སྙོམས་སྒྲིག་གི་ཚན་རིག་དང་མཐུན་པའི་གདམ་ག་ཞིག་རེད་ཅེས་གསུངས་ཡོད།
        ཚོགས་འདུའི་ཐོག སང་ལོའི་སྤྱི་ཁོག་སྲིད་ཇུས་ལ་མུ་མཐུད་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་དང་། དཔལ་འབྱོར་སླར་གསོ་བྱེད་པར་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས་བཀོལ་སྤྱོད་ཐད་སྔར་བས་གནད་ཁེལ་དང་ནུས་ལྡན་ཡོང་བ་བྱ་དགོས། གློ་བུར་དུ་ཁ་ལོ་མི་སྒྱུར་བར་སྲིད་ཇུས་ཀྱི་དུས་ཚོད་དང་ཤུགས་ཚད་ཕན་འབྲས་བཅས་ལ་སྟངས་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད། ཀྲུང་གོ་དངུལ་ཁང་རྒྱལ་སྤྱིའི་ཞིབ་འཇུག་ཚད་ཡོད་ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཚའོ་ཡོན་ཀྲེང་གིས་དེའི་ཐོག་ནས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མང་པོ་རྒྱུན་མཐུད་ཐུབ་རེ་ཡོད་པ་མཚོན་གྱི་ཡོད་པའི་ངོས་འཛིན་གནང་ཡོད། ཚའོ་ཡོན་ཀྲེང་གིས། འདི་ལྟ་བུའི་རྒྱུན་མཐུད་རང་བཞིན་གྱིས་གཅིག་ནས་ཁྲོམ་རའི་སྲིད་ཇུས་ཕྱིར་འཐེན་གྱི་སེམས་ཁྲལ་སེལ་བ་དང་། གཉིས་ནས་སྲིད་ཇུས་འདི་འདྲ་ཞིག་གི་རྨང་གཞིའི་ཐོག་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་འགྲོ་ཐུབ། འདི་ནི་ང་ཚོས་བལྟས་ན་ཆེས་གལ་ཆེ་བ་ཞིག་ཡིན་པ་དང་། ཚོང་རར་སེམས་རྣལ་རིལ་བུ་ཞིག་བྱིན་པ་རེད་ཅེས་གསུངས་ཡོད།
        ཚོགས་འདུའི་ཐོག་ཁྱོན་ཡོངས་ལ་དམིགས་ཏེ་སང་ལོའི་གཙོ་གནད་ལས་འགན་ལ་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་རེད། དེའི་ནང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ཡོད། ཀྲུང་གོ་ཚན་རིག་ཁང་ཧྲེན་ཀྲེན་སྔོན་ཐོན་ལག་རྩལ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ལུའེ་ཅན་ཁྲེང་གིས། ཧྲེན་ཀྲེན་དུ་ཚན་རྩལ་གྱིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ནུས་པ་ཧ་ཅང་མངོན་གསལ་ཡིན། ངས་བསམ་ན་རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་མང་པོ་བསྡུ་རུབ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་དེ་མགྱོགས་མྱུར་ངང་ཐོན་ལས་སུ་བསྒྱུར་བའི་ནུས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
        རྒྱལ་ནང་གི་ཚོང་ར་སྟོབས་ལྡན་ཆགས་པར་བྱེད་པ་ནི་འཕེལ་རྒྱས་ཀྱི་གནས་བབ་གསར་པ་འཛུགས་པའི་འདེགས་སྐྱོར་གལ་ཆེན་ཡིན། ཚོགས་འདུའི་ཐོག ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་དེ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད། ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཆན་ཁེ་མིང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་འཛད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐད་བཏོན་པའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། སྡེབ་སྒྲིག་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་དགོས་ཞེས་གསུངས་ཡོད།
        ཚོང་དོན་འཁོར་རྒྱུག་དྲ་བ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཁོར་རྒྱུག་སྒྲིག་བཀོད་ཀྱི་ཞན་ཆ་གསབ་དགོས། གོ་རིམ་ལྡན་པའི་སྒོ་ནས་སྲིད་འཛིན་རང་བཞིན་གྱི་འཛད་སྤྱོད་ཉོ་སྒྲུབ་ལ་ཚོད་འཛིན་བྱེད་པའི་གཏན་འབེབས་འགའ་མེད་པར་བཟོས་ཏེ། རྫོང་དང་ཤང་གི་འཛད་སྤྱོད་ཀྱི་མངོན་མེད་ནུས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས། ཞིང་ལས་དང་གྲོང་གསེབ་པུའུ་ཡི་ས་བོན་ལས་རིགས་དོ་དམ་སིའི་སི་ཀྲང་གཞོན་པ་སུན་ཧའོ་ཆིན་གྱིས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ས་བོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་ལས་དོན་སྤྱི་དང་ལྷག་དོན་དུ་འབྲུ་རིགས་བདེ་འཇགས་དང་ས་བོན་ལས་རིགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད་ཅེས་གསུངས་ཡོད།
        ཀྲུང་གོ་ཧྭ་ནུས་ཚོགས་པའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཧྲུའུ་དབྱིན་པེའོ་ཡིས། ད་ཐེངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ལོ་2030ལོའི་གོང་དུ་ཐཱན་འབུད་བཤངས་ཚད་གཞི་མཐོ་ཤོས་སུ་སླེབས་པ་བྱ་རྒྱུ་དང་སྤྱི་ལོ་2060ལོའི་གོང་དུ་ཐཱན་དོ་སྙོམས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་བཀོད་སྒྲིག་བྱས་ཡོད། ང་ཚོས་ནུས་ཁུངས་གསར་པ་སྟོང་ཝ་བྱེ་བ་8ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་དང་། སོལ་གློག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དང་། སྦགས་མེད་ཐཱན་ཉུང་བེད་སྤྱོད་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་ནུས་རྒྱུའི་རྣམ་པ་བརྗེ་སྒྱུར་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུའི་འཆར་གཞི་བཟོས་ཡོད་ཅེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1