གཙོ་ངོས།>> གླིང་སྒྲུང་།>>སྒྲུང་།

རྩོམ་པ་པོ། སྨིན་དབུལ་པོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གླིང་གེ་སར་རིག་གནས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༣ཉིན།

༄༅།ཨ་ལ་ཐ་ལའི་དབྱངས་འགྲོས་རང་བྱུང་སེམས་ཀྱི་རི་མོ།།

   ཨ། ཆོས་དབྱིངས་རིག་རྩལ་དོན་གྱི་ཞིང་ཁམས་ནས། ། སྐུ་གསུམ་བླ་མ་དབྱངས་ཅན་མཚོ་རྒྱལ་མས། །བདག་མགྲིན་ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་དུ། །འགག་མེད་རྡོ་རྗེའི་རོལ་མོའི་བྱིན་ཆེན་ཕོབ། །ཀུན་བཟང་པད་འབྱུང་གླིང་རྗེ་གེ་སར་གྱི། །གསང་གསུམ་འཕྲིན་ལས་མཛོད་ལ་དབང་འབྱོར་པའི། །དབྱིངས་ཕྱུག་ནེའུ་ཆུང་རྒྱལ་མོའི་བརྡ་མཛོད་ལས། །བདེན་གྲུབ་ཨ་ལ་ཐ་ལའི་དབྱངས་འགྲོས་བཤད། །སྤྱིར་ན་ཐབས་མཆོག་ཨ་ཡིག་སྟོང་པའི་དབྱིངས། །ཤེས་རབ་ལ་ཡིག་མཉམ་སྦྱོར་ལས་འཕྲུལ་པའི། །ཟུང་འཇུག་ཐ་ལ་ལ་མོ་རྡོ་རྗེའི་སྒྲ། །རྩོལ་མེད་རང་བྱུང་སྐྱེ་འགག་མེད་པའི་གླུ། །དེ་ཡང་སྔོན་ཚེ་གླིང་དཀར་རྒྱལ་བློན་གྱིས། །ནག་ཕྱོགས་བདུད་དཔུང་ཟིལ་གྱིས་གནོན་པའི་དུས། །ཞི་དྲག་བརྡ་ཡི་འདུ་འཕྲོ་ལས་བྱུང་བའི། །འཇིགས་མེད་དཔའ་གླུའི་དབྱངས་རྟ་སྣ་ཚོགས་སྤྲོས། །བསྐལ་མང་གོང་ནས་རང་དོན་མངོན་བྱས་ཤིང་། །གཞན་དོན་སྣ་ཚོགས་སྤྱོད་པ་སྐྱོང་བའི་དུས། །ཕྱི་རོལ་རང་བྱུང་ཁམས་ཀྱི་སྒྲ་གཟུགས་རྣམས། །སྣང་བ་དཔེ་རུ་དྲངས་ཏེ་མགུར་དབྱངས་བཞེངས། །སྣང་ཚུལ་ཙམ་ལ་དགའ་སྐྱོ་ཁྲོ་འཁྲུག་ལྟར། །གསུང་གི་གདངས་ཀྱང་ཞི་རྒྱས་དབང་དྲག་བཞི། །ཕལ་བའི་སྙན་འཇེབས་དྲག་གཏུམ་ཟོལ་བྱས་ཏེ། །མ་ངེས་སྣ་ཚོགས་དབྱངས་ཀྱི་འགྱུར་བག་ངོམ། །དཔེར་ན་རྒྱལ་པོས་ཁྲོམ་ལ་རྔམ་བརྗིད་ཅན། །ཚངས་ཆེན་དྲུག་འགྱུར་ཉམས་དང་གཡུ་འབྲུག་གདངས། །འཁོར་ལ་དར་དཀར་ཁུག་པ་བརྐྱངས་འདྲ་དང་། །ཆུ་ཆེན་འབབས་འགྲོས་ཁྱུང་ཆེན་ལྡིང་དཔེར་དྲངས། །བློན་རྣམས་དབྱངས་ནི་སྤྲིན་སྣ་བརྐྱངས་འདྲ་དང་། །རི་ལམ་ཁུག་རིས་སྟག་སེང་ངར་བའི་སྐད། །དུང་གླིང་རོལ་མོའི་སྒྲ་ཡི་ཆ་ཤས་སོགས། །རྗེ་བློན་ཀུན་ལ་མ་ངེས་མཐུན་དཔེ་མང་། །དཔའ་རྒོད་རྣམས་ལ་དྲག་མྱུར་མེ་གློག་རིས། །སྤྲིན་ནག་འཚུབ་སྟངས་དུག་སྦྲུལ་འཁྱུག་པའི་དཔེ། །ཆུ་རླུང་འཐབ་དང་རི་བྲག་ཉིལ་སྒྲ་སོགས། །སྙིང་ལ་འཇིགས་པ་སྟེར་བའི་དབྱངས་འགྲོས་མང་། །མ་སྲིང་མཁའ་འགྲོའི་དབྱངས་ནི་སྙན་ཤས་ཅན། །མཚོན་དཔེ་ཆུ་ཕྲན་ཁུག་འགྲོས་ཕུ་ཆུའི་སྒྲ། །གཡུ་སྦྲང་གཤོག་སྒྲ་ཁུ་བྱུག་འཇོལ་མོའི་སྐད། །ཅོ་གའི་དྲུག་འགྱུར་གླིང་བུའི་འགྱུར་སོགས་མང་། །ཚངས་ཆེན་དྲུག་འགྱུར་ཁྱད་ཆོས་སྟོན་པའི་བརྡ། །ཐ་ལ་དྲུག་འགྱུར་དཔེ་དང་དོན་མཚུངས་ཤིང་། །ཅོ་གའི་དྲུག་འགྱུར་དབྱངས་འགྲོས་འདྲ་མཚུངས་དང་། །དགུ་སེང་དྲུག་འགྱུར་ཆེ་བའི་རྟགས་སུ་ཆགས། །དཀར་མོ་དྲུག་འགྱུར་ཤེལ་དཀར་དྲུག་འགྱུར་སོགས། །དཔའ་བོ་དཔའ་མོ་ཕལ་གྱི་གསུང་དབྱངས་རྣམས། །སོ་སོའི་ཁྱད་ཆོས་མངོན་པར་མཚོན་བྱེད་པའི། །མཚུངས་ཟླའི་དཔེ་བཞིན་བརྡ་ཚིག་ངང་གིས་གྲུབ། །ཧཱུཾ་ཤི་ཕཊ་འགྱེལ་དྲག་སྔགས་འབར་བའི་གདངས། །ཧ་ར་ཧུར་ཐུང་རྟ་མཆོག་བཞད་པའི་དཔེ། །འབྲས་ཐུང་རི་གཟར་རྦབ་རྒོད་ལྷུང་འདྲ་དང་། །ཁྱུང་ངག་ལྡེམ་དྲུག་གཤིན་རྗེ་ཁྲོས་པའི་ཉམས། །ཕལ་ཆེར་དུག་ལྔའི་རང་འཕྲུལ་རུ་ཏྲའི་ངག །གཞོམ་བྱེད་ཡེ་ཤེས་ལྔ་ཡི་རླུང་གཡོས་པ། །གཏུམ་ཆེན་ཨ་ལ་ཐ་ལ་དྲག་པོའི་སྒྲ། །སྲེག་བྱེད་མེ་རུ་འབར་བའི་དབལ་ལྟར་རྣོ། །དེ་ཡང་གཅིག་ཏུ་མ་ངེས་སྐབས་ཐོབ་ཀྱི། །དགའ་དད་དུང་སྣང་སྐྱོ་ཤས་ངེས་འབྱུང་དང་། །སྒེག་དང་དཔའ་གཏུམ་ཉམས་རྩལ་ལས་ཐོན་པའི། །དབྱངས་ནི་ཞི་རྒྱས་དབང་དྲག་སྣ་ཚོགས་འགྱུར། །ཕྱི་རོལ་སྒྲ་གཟུགས་དྲངས་པ་དཔེ་ཙམ་ལས། །མཚོན་བྱ་ཆོས་དབྱིངས་སྐྱེ་བ་མེད་པའི་གདངས། །འགག་མེད་ལྷུན་གྲུབ་བརྟན་གཡོའི་དྭངས་བཅུད་སྒྲ། །ཡེ་ནས་གཉུག་མ་དོན་གྱི་གཤིས་སུ་འཁྱིལ། །ཡུལ་གསུམ་གྱད་གྱུར་རིག་སྔགས་གྲུབ་པའི་སྡེས། །ཨ་ལ་ཡེ་ནས་སྐྱེ་མེད་སྤྲོས་བྲལ་གདངས། །ཐ་ལ་ལར་ནས་འགག་མེད་དྲུག་ཅུའི་དབྱངས། །དུས་གསུམ་བདུད་འདུལ་ཆེ་བའི་རྟགས་སུ་སྒྲོག།རྒྱལ་ཀུན་འདུས་ཞལ་གླིང་རྗེ་སྐུ་འཁོར་གྱི། །བྱིན་རླབས་དྲོད་རྟགས་སྙིང་ལ་ཐོབ་གྱུར་ཅིང་། །ཐོས་གྲོལ་དབྱངས་རྣམས་དུས་དང་དུས་སྐབས་སུ། །བསྟན་འགྲོའི་རིམ་གྲོར་རྒྱུན་ཆད་ཡོད་མ་ཡིན། །དེ་ལྟར་ཨ་ལ་ཐ་ལ་རྡོ་རྗེའི་ཚིག། དབྱངས་སུ་གྱེར་ཚུལ་དཔེ་ཡི་རང་གཏམ་འདི། །སྣང་ཉམས་འུར་བས་ཉུང་ངུ་ཙམ་བཀོད་པ། །གཉན་སྟག་དགྲ་བླ་དམར་པོས་སྲུངས་སྤེལ་མཛོད། །ལྷོ་ཤར་ཨ་རཱ་འབྲུ་གཉིས་དབྱངས། །གློག་གི་ཕྲེང་བར་རྒྱུས་པ་ཡི། །རྒྱུ་རྐྱེན་རྟེན་འབྱུང་འདུ་བྱེད་ལས། །སྣ་ཚོགས་ཉམས་ཀྱི་སྣང་བརྙན་བཀྲ། །ཕྱི་རོལ་རྟེན་འབྱུང་རི་མོ་ཡིས། །ནང་གི་རྩ་ཐིག་རླུང་གཡོས་ཏེ། །བཅུ་དྲུག་དགའ་གླུའི་དབྱངས་འགྲོས་འདི། །འཇིགས་མེད་བརྩེ་ལྡན་རྡོ་རྗེས་བྲིས། །བཀྲ་ཤིས་རབ་ཏུ་བརྟན་པ་ཡི། ། དགེ་ལེགས་སྣང་བ་ཕུན་ཚོགས་ཀྱིས། །རབ་མཛེས་འབུམ་པ་དཔོན་གྱི་ཁྲི། །མི་གཡོ་རྡོ་རྗེའི་དཔལ་དུ་ཤོག །ཁྲོམ་ཆེན་ཟིལ་གྱིས་གནོན་པ་ལ། །དྲུག་འགྱུར་དབྱངས་ཀྱིས་རམ་འདེགས་ཚུལ། །བརྡ་ཙམ་བསྟན་པའི་ལེགས་བྱས་ཀྱིས། ། གླིང་དཀར་བསྟན་སྲིད་ཡུན་གནས་ཤོག །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1