ཞི་ཅིན་ཕིང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-24



ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན།  ད་ལོར་སླར་ཡང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་པུན་དབྱང་དང་ཁ་པར་བཏང་བར་ང་ཧ་ཅང་དགའ་པོ་བྱུང་ཡོད། ལའོ་ཝུའོ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་པུན་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  ལའོ་ཝུའོ་ཡི་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། དམངས་འཚོ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། ང་དང་བློ་མཐུན་པུན་དབྱང་གིས་ཧུར་ཐག་གིས་ཀྲུང་གོ་དང་ལའོ་ཝུའོ་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད།  ང་ཚོས་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། དབུལ་སྐྱོར་མཉམ་ལས་དེ་ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བ་འབུར་ཐོན་གྱི་བཟང་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རིམས་ནད་འགོག་པ་དང་ཆུ་ལོག་འགོག་པའི་འཐབ་རྩོད་སྤེལ་ནས། ཐུན་མོང་གིས་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་བ་དང་རིམས་ནད་ལ་ཁ་གཡར་ནས་ངན་དཀྲི་བར་ངོ་རྒོལ་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྙིང་སྟོབས་གསལ་བཤད་བྱས་ཡོད། བློ་མཐུན་པུན་དབྱང་གིས་ཀྲུང་གོ་དང་ལའོ་ཝུའོ་མཛའ་གྲོགས་འཕེལ་རྒྱས་སུ་གཏོང་ཆེད་སེམས་ཤུགས་ཆེན་པོ་ཕུལ་ཡོད་ལ་ངས་ཀྱང་བློ་མཐུན་པུན་དབྱང་དང་ལས་ཀའི་འབྲེལ་བ་དམ་ཟབ་དང་མཛའ་བརྩེ་ཟབ་མོ་ཆགས་ཡོད་ཅེས་བསྟན། 

ཞི་ཅིན་ཕིང་གིས་བཤད་རྒྱུར། སང་ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུ་ཡིན། ལའོ་ཝུའོ་ཏང་གིས་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ནས་རྒྱལ་ཁབ་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུ་རེད། ང་ཚོས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་དུས་རབས་གསར་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྣམ་པ་གསར་པ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་པོས་མཐོ་རིམ་བར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་ཏང་དང་། ཏང་དང་རྒྱལ་ཁབ་སྐྱོང་བའི་རིགས་པའི་གཞུང་ལུགས་དང་ཉམས་མྱོང་སྤེལ་རེས་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱི་ཏང་གཉིས་བར་གྱི་འགྲོ་འོང་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་འབྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་འཛུགས་རྒྱུ་དང《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལ་དངོས་སུ་མིང་རྟགས་བཀོད་པ་དེ་གོ་སྐབས་སུ་བཟུང་ནས། ཀྲུང་གོ་དང་ལའོ་ཝུའོ་དཔལ་འབྱོར་བར་ཁྱམས་དང་ཀྲུང་གོ་དང་ལའོ་ཝུའོ་ལྕགས་ལམ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། རིག་གནས་སློབ་གསོ་དང་། ན་གཞོན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས་པ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། མཐར་ལའོ་ཝུའོ་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པ་སང་ལོར་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས། 

པུན་དབྱང་གིས་བཤར་རྒྱུར། མིག་སྔར་ལོ་སིའི་ཆབ་སྲིད་དཔལ་འབྱོར་དང་ཕྱི་ཕྱོགས་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས། ལའོ་ཝུའོ་ཡི་ཏང་དང་སྲིད་གཞུང་གིས་སང་ལོའི་ལོ་འགོར་འཚོག་རྒྱུ་ཡིན་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་སྐབས་དགུ་པའི་རྒྱལ་ཚོགས་ཀྱི་ཚོགས་འདུར་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱེད་བཞིན་ཡོད། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ལའོ་ཝུའོ་ཕྱོགས་ལ་རིམས་ནད་བྱུང་རྗེས་དུས་ཐོག་ཏུ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྣེ་ཁྲིད་འོག་ཀྲུང་གོའི་རིམས་ནད་འགོག་བཅོས་དང་དབུལ་ཐར་འགག་སྒྲོལ་སོགས་ཐད་ཀྱི་རྒྱལ་ཁ་གལ་ཆེན་ཐོབ་པར་ལྷག་བསམ་ཟོལ་མེད་ངང་རྟེན་འབྲེལ་ཞུས། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་དང་གྲོས་འགོར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བདེ་བླག་ངང་གཏོད་རྒྱུར་ཡིད་ཆེས་བརྟན་པོ་ཡོད་པ་དང་། སང་ལོ་ནི་ལའོ་ཝུའོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར60ལོན་པའི་ལོ་ཡིན། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་མིང་རྟགས་བཀོད་པའི་ལའོ་ཝུའོ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བྱེད་སྒོའི་འཆར་གཞི་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་དང་རྒྱལ་ཁབ་སྐྱོང་བའི་རིགས་པའི་གཞུང་ལུགས་ཀྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད།  རིམ་པ་སོ་སོའི་སྤེལ་རེས་དང་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་གིས་སྲུང་སྐྱོང་བྱས་ནས། ལའོ་ཝུའོ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཞེས་གསུངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1