མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་འདེམ་བསྐོ་ཞི་བདེའི་ངང་སྤེལ་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་དྲུག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཚེས་ཉེར་བདུན་ཉིན་ཞི་བདེ་དང་བཟོད་སྒོམ། ཡིད་རྟོན་ཡོད་པའི་ཐབས་ཀྱིས་གྲོས་ཁང་དང་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་། 
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་སོ་སོས་དྲག་ཤུགས་དང་དྲག་ཤུགས་ལ་ངན་སྐུལ་བྱེད་པ། འཁོན་འཛིན་གྱི་གཏམ་བརྗོད་སྤེལ་བ་སོགས་ཚེ་སྲོག་བདེ་འཇགས་ལ་འཇིགས་ཉེན་བཟོ་བ་དང་འདེམ་བསྐོའི་འཕེལ་རིམ་དང་རྒྱལ་ཁབ་གཏན་འཇགས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། 
        གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་མི་སེར་དཀྱུས་མ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མི་སྣ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་དབང་འཛིན་ལས་ཁུངས། ཞི་བདེ་སྲུང་སྐྱོབ་མི་སྣ། འདེམ་བསྐོའི་འདེམ་སྒུག་མི་སྣ་བཅས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱིས་འདེམ་བསྐོ་དང་འབྲེལ་བའི་དྲག་ཤུགས་བྱ་སྤྱོད་ལ་རྩད་ཆོད་བྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ཀུའུ་ཐི་ལོས་སི་ཡིས་ཨ་ཧྥེ་རི་ཁ་དབུས་མས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེའི་གྲོས་མཐུན་བཀོད་པའི་ཕྱོགས་ཁག་གིས་དམ་བཅའ་བརྩི་སྲུང་བྱེད་པ་དང་། ཞི་བའི་ཐབས་ལ་བརྟེན་ནས་རང་རང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། དེ་མིན་ཆབ་སྲིད་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་ཁག་སོ་སོ་དང་དེའི་རྒྱབ་སྐྱོར་མཁན་གྱིས་གྲོས་མོལ་སོགས་སྒྲིག་ལུགས་རྐྱེན་སྲོལ་འོས་འཚམ་ལ་བརྟེན་ནས་ཞི་བའི་ཐབས་ཀྱིས་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1