གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

རྩོམ་པ་པོ། ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༨ཉིན།

༄༅།།གནས་མཆོག་རོང་མེ་དཀར་མོ་སྟག་ཚང་།

    གནས་མཆོག་རོང་མེ་དཀར་མོ་སྟག་ཚང་ནི་དེང་སྡེ་དགེ་རྫོང་རྨེ་ཤོད་ཀྲན་གྱི་ལྷོ་ངོས་རོང་མེ་ནང་ཞེས་པའི་གྲོང་དུ་ཡོད། དེའང་ཡིག་ཆ་རྙིང་པ་ལས་རྨེ་ཤོད་དང་དེང་སང་སྨན་ཤོད་ཟེར་བ་ནི་རྨེ་ཆུའི་འགྲམ་གྱི་ལུང་པའི་ཕུ་མདའ་ཧྱོ་གསུམ་གྱི་སྤྱི་མིང་ཡིན། དེར་ཆགས་པའི་སྡེ་དུད་ལ་རྨེ་ཤོད་བ་ཟེར། སྔོན་དུས་སུ་གླིང་དཔོན་དུ་སི་ཟེར་བ་དང་།  སྡེ་དགེའི་རྒྱལ་རབས། ད་ལྟར་སྡེ་དགེ་རྫོང་གི་ཁོངས་སུ་གཏོགས། གནས་ནང་དུ་གངས་རི་དང་། རྫ་རི།  བྲག་རི། ཚེའུ། ཤུག་པའི་ནགས་ཁྲོད། ནེའུ་གསེང་བཅས་ངོ་མཚར་བཀོད་པ་བསམ་མི་ཁྱབ་པར་ཡོད་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་མོ་བརྒྱད་ཀྱི་སྒྲུབ་ཁང་འཆི་མེད་དཀར་མོ་སྟག་ཚང་སེངྒེ་བསམ་འགྲུབ་ཀེའུ་ཚང་དུ་གྲགས་པར་སྔོན་རྗེས་སུ་སྐུ་མཚམས་བཅད་རྒྱ་ཐུགས་དམ་ཉམས་བཞེས་མཛད་དེ་འཇིགས་བྲལ་གྱི་རྡོ་རྗེ་སློབ་དཔོན་དུ་མ་ཐོན་སའང་གནས་མཆོག་དེར་ཡིན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་རོང་མེ་དཀར་མོ་སྟག་ཚང་གི་གནས་བསྟོད་ལས།

ཨ་ཧོ།  སྟོབས་བཅུ་མངའ་བའི་རྒྱལ་བ་སྲས་བཅས་ལ།  །ངོ་མཚར་ཕྲིན་ལས་ཁྱད་འཕགས་ཨོ་རྒྱན་རྗེ།  །གང་འདུལ་རྣམ་རོལ་ནམ་མཁའི་མུ་ཁྱུད་ལས།   །བརྒལ་ཡང་ཕྱོགས་རེའི་བློ་ཅན་དྲང་བའི་སླད།       །མཚན་མཆོག་བརྒྱད་སོགས་ཕྱི་ནང་གསང་བ་ཡི།  །རྣམ་དག་ངེས་བཟང་ཅན་གྱི་བཀོད་པའི་ཆ།  །དྲག་བཏུག་རྔམས་བརྗིད་པདྨ་ཧེ་རུ་ཀ  །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད།   །ཟླ་གཟུགས་གཅིག་ཉིད་ཆུ་སྣོད་དུ་མ་རུ།  །འཆར་བ་ལ་འཁུ་གངས་ཅན་གནས་སྤྱི་དང་།  །ཁྱད་པར་སྟག་ཚང་མིང་ཅན་བཅུ་གསུམ་དུ།   །སྐུ་གཅིག་ཞིང་ཀུན་ཁྱབ་པའི་ཆོ་འཕྲུལ་ཆེས། །གཟུགས་ཅན་གཟུགས་མེད་གདུག་པའི་དཔུང་ཚོགས་བཏུལ།    །སྐད་ཅིག་བསྐལ་པར་སྒྱུར་བའི་རྫུ་འཕྲུལ་གྱིས།  །རི་བྲག་གངས་སོགས་སྒྲུབ་གནས་བྱིན་གྱིས་བརླབས། །མ་འོངས་འགྲོ་ལ་ཕན་ཕྱིར་མཆོད་རྟེན་ནོར།   །དམ་རྫས་གཏེར་གྱིས་ས་འོག་ཁྱད་པར་བཀང་།  །དེ་ལས་ཤོད་བཞིའི་ནང་ཚན་སྨན་ཤོད་ཞེས།    །སྦས་པའི་ཡུལ་མཆོག་ཟིལ་ཁྲོམ་གངས་རིའི་མདུན།  །སྲིད་པའི་ལྷ་གཉན་གསུམ་གྱི་ཕོ་བྲང་དབུས། །རོང་མེ་དཀར་མོ་སྟག་ཚང་ཞེས་བྱ་བ།   །རྨུ་སྟག་མི་ཟན་མི་ཕྱུགས་སྲོག་གི་གཤེད། །བཏུལ་ནས་ཁྱད་པར་གནས་སུ་བྱིན་བརླབས་པ།    །ལྷ་ཤིང་ལྗོན་པའི་ནགས་ཚལ་འཁྲིགས་པའི་དབུས།  །གདོང་ལྔའི་དབང་པོ་སྙེམས་པས་འགྱིང་འདྲ་བའི།   །བརྗིད་ཆགས་རིན་ཆེན་བྲག་རི་ཡ་མཚན་ཅན།     །མངོན་དང་མི་མངོན་སྒྲུབ་ཕུག་ཀེའུ་ཚང་དང་།   །ཟབ་མོའི་གཏེར་ཁ་དུ་མས་ཡོངས་སུ་གཏམས།  །རིན་ཆེན་འབྱུང་གནས་ཆུ་རྒྱུན་མདུན་ནས་འབབས།  །ཕུ་མདའ་གཡས་གཡོན་སྒྲུབ་གནས་མང་པོས་བསྐོར།    །སྟོད་ན་གངས་དཀར་ཤེལ་གྱི་གུར་ཆེན་ཕུབ།    །དེ་ལ་ལྷོ་སྤྲིན་མཐིང་ཞུན་ལ་ཐོད་བཅིངས། །བར་ན་མཚོ་མོ་གཡུ་ཡི་མནྡལ་འཁྱིལ། །དེ་ནས་ན་བུན་བདུད་རྩིའི་ཆར་ཟེགས་འཕྱུར། །འདབ་རལ་ལྗོན་ཤིང་དུ་མའི་ཕྲེང་བས་བསྐོར། །ནགས་ཁྲོད་བྱ་དང་རི་དྭགས་དགའ་བས་རྩེ།  །གངས་ཆུ་རྫ་ཆུའི་ཀླུང་ཆེན་ལྷུང་ལྷུང་འགྲོ།  །རྦ་རླབས་མུ་ཏིག་དོགས་པ་ཀུན་ཏུ་མཐོར།  །ནེའུ་གསེང་མ་རྒད་ཞུན་མའི་དོ་ར་མཛེས། །སྤང་མཐོང་གསེར་གཡུའི་ཡོལ་བ་ཕྱོགས་སུ་བྲེས། །དབྱིབས་ལེགས་མདངས་མཛེས་མེ་ཏོག་ཚོམ་བུ་བརྡལ།  །དྲི་བཟང་ངད་འཐུལ་ནུས་ལྡན་སྨན་རིགས་འཁྲུངས། །བསམ་གཏན་འཚེ་བ་རྒྱུ་འགྲུལ་གླགས་ཙར་མེད། །ལྷ་དང་དྲང་སྲོང་ཏིང་འཛིན་བསྒོམ་པའི་གནས། །མཁའ་འགྲོ་ཚོགས་ཀྱི་འདུ་བར་རོལ་པའི་ཞིང་།  །གྲུབ་པའི་རིག་འཛིན་བརྟུལ་བཞུགས་སྤྱོད་པའི་ས།  །དེ་འདྲའི་གནས་མཆོག་ཁྱད་པར་འཕགས་པའི་དབུས།  །ཡི་དམ་བདེ་གཤེགས་འདུས་པའི་ཕོ་བྲང་ལ།  །ཞི་ཁྲོ་རྒྱལ་བ་རབ་འབྱམས་དངོས་སུ་བཞུགས།  །གུ་རུ་ཡབ་ཡུམ་བདེ་ཆེན་དགྱེས་རོལ་པའི།  །གསང་ཕུག་ངོ་མཚར་བྱིན་རླབས་གཟི་བརྗིད་ལྡན། །ལོ་ཆེན་བཻ་རོ་གནུབས་ཆེན་ནམ་སྙིང་སོགས། །སྒྲུབ་པའི་གནས་མཆོག་བྲག་སྐྱིབས་ཀེའུ་ཚང་། །ཆོས་རྒྱལ་ཡབ་སྲས་ཐུགས་བསྐྱེད་སྨོན་ལམ་མཐུས།  །གཏེར་ཆེན་མདོ་སྔགས་གླིང་དང་མཆོག་གྱུར་གླིང་། །ཞལ་འཛོམ་བྲག་རི་རྡོ་རྗེའི་རྒྱ་བཀྲོལ་ནས། །ཁྱད་འཕགས་སྐུ་གསུང་ཐུགས་རྟེན་སྤྱན་དྲངས་པའི། །ཕྱག་རྗེས་དད་ལྡན་དབང་པོའི་སྤྱོད་ཡུལ་སྣང་།    །ཁམས་བོད་སྟག་ཚང་མིང་ཅན་བཅུ་གསུམ་དུ།  །གུ་རུ་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས།    །ལྷ་སྲིན་བཏུལ་ཞིང་གནས་གཏེར་བྱིན་བརླབས་ཚེ། །འདིར་ཡང་རྫུ་འཕྲུལ་བཀོད་པ་མཐའ་ཡས་བསྟན། །བྲག་རྩེར་བསམ་གྱིས་མི་ཁྱབ་ཆོ་འཕྲུལ་ཆེའི།    །ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་ན།    །ཆོས་རྒྱལ་ཁྲི་སྲོང་བརྒྱ་བྱིན་སྲས་སྐྱེས་པ།།ལྷ་ཡི་བྱར་སྤྲུལ་འཇའ་ཚོན་ལམ་ལས་གཤེགས། །དགུང་སྔོན་དབྱིངས་ནས་དེའུའི་རྩེ་ལ་བབས།  །གུ་རུ་མཇལ་ཏེ་རབ་གནས་བྱས་པའི་ཤུལ།     །དེང་སང་ལྷ་བྱ་སྒང་ཞེས་བླ་དྭགས་གྲགས།    །གཡས་ཕྱོགས་ཐུགས་རྗེ་ཆེན་པོའི་བྱིན་རླབས་གནས། །ཕུག་པར་སྤྱན་རས་གཟིགས་དབང་སྒྲུབ་པ་ན། །བོད་ཁམས་ཡོངས་ལ་བཀྲ་ཤིས་བདེ་ལེགསའབྱུང་།  །དེ་ཕྱིར་སྔོན་དུས་སྒྲུབ་པའི་སྡེ་ཆགས་ནས། །འཚོ་བ་སྦྱོར་བའི་འབྲོག་དུད་མཆིས་པ་ལ།  །ཐུགས་རུ་མ་ཞེས་གྲགས་པས་དེང་སང་ཡང་། །ས་ཕྱོགས་དེ་ལ་མིང་དེ་གྲགས་པར་གསུངས། །གཡོན་ཕྱོགས་མཁའ་འགྲོ་འབུམ་འདུ་མཁའ་སྤྱོད་རྫོང་།  །ཨོ་རྒྱན་རྡུ་མ་ཐ་ལར་གཉིས་སུ་མེད།   །དཔལ་ཆེན་ཁྲག་འཐུང་དེ་སྤྲུལ་བཀའ་སྡོད་བཅས། །རོལ་པའི་ཕོ་བྲང་ཅིཏྟ་འབར་བའི་དབྱིབས།  །ཡ་མཚན་རྟགས་དང་དྲག་པོའི་རྔམ་ཟིལ་ལྡན།  །བར་མཚམས་རྩ་གསུམ་ཆོས་སྲུང་བླ་མཚོ་ལ། །ཆོས་བོན་ནོར་གྱི་གཏེར་ཁ་དུ་མས་གཏམས། །གཞན་ཡང་སྒྱུ་མས་འཕྲུལ་པའི་ལྟད་མོ་བཞིན། །གནས་དང་གཏེར་གྱི་བཀོད་པ་ཅི་ཡང་སྣང་། །ཀྱེ་མ་ཧོ། ལོགས་ཤེས་ཅན་ངོར་ས་རྡོ་ཆུ་ཤིང་ཉིད།། འཁྲུལ་པའི་བློ་ངོར་གདོས་བཅས་བེམ་པོ་དངོས། །རྣལ་འབྱོར་ཅན་ངོར་སྣང་ལ་རང་བཞིན་མེད།        །དག་པའི་སྣང་བར་ལྷ་དང་གཞལ་ཡས་ཁང་།  །རྟོགས་ན་ཀུན་ཀྱང་རང་རིགས་འོད་གསལ་མདངས།  །ཀུན་ཁྱབ་ཀུན་བཟང་སྐུ་དང་ཞིང་ཁམས་སུ། །བརྡལ་བ་ཆེན་པོར་ཡེ་ནས་རྣམ་པར་དག །མ་དག་འཁྲུལ་པའི་མིང་དང་ཐ་སྙད་ཙམ། །བཏགས་པ་དེ་ཡང་བྱིས་བློའི་འཛིན་རྟོག་ལས། །དོན་ལ་གང་ཡང་མ་འགྲུབ་ནམ་མཁའ་འདྲ།     །འཁོར་བ་མྱང་འདས་བློ་ཡིས་བརྟགས་པ་ཙམ།        །དག་དང་མ་དག་མིང་གི་ཐ་སྙད་ཙམ།    །སངས་རྒྱས་སེམས་ཅན་སེམས་ཀྱི་འཛིན་སྟངས་ཙམ། །གདོད་མའི་གཤིས་སུ་ཅི་ཡང་འགྲུབ་པ་མེད།  །མ་གྲུབ་པ་ལས་སྣ་ཚོགས་ཤར་བ་ཉིད། །རིག་པའི་རང་རྩལ་སྐུ་གསུམ་རང་བཞིན་དུ།  །ཤེས་ནས་སྤང་བླང་འདོར་ལེན་མི་བྱེད་པ།     །རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་ཁྱད་པར་ཆོས།   །ངས་ཀྱང་དེ་འདྲའི་གནས་ལུགས་ཕྱོགས་ཙམ་གྱི།     །གོ་བ་གང་སྐྱེས་བཤད་ན་ཟད་མཐའ་མེད། །མེད་པའི་གནས་སྣང་བརྗོད་ཀྱང་རྐྱག་བརྫུན་འདྲ།  །འདྲ་ཆོས་འགའ་ཞིག་ད་རུང་འཆང་དུ་ཡོད།    །ཀྱེ་ཀྱེ་འཇིག་རྟེན་འདི་དང་ཕ་རོལ་ཏུ།  །བདེ་སྐྱིད་འདོད་པའི་བློ་ལྡན་མི་ཡོད་ན། །གནས་འདིར་སྡིག་པ་སྤང་ཞིང་ཚོགས་ཆེན་གསོག     །བསྐྱེད་རྫོགས་དོན་བསྒོམ་བསྙེན་སྒྲུབ་ལས་སྦྱོར་བརྩོན།       །ཐ་ན་བཟང་པོའི་ལས་ཀྱི་འབྲེལ་ཐོགས་བྱ།        །གནས་དང་རྒྱུན་དུ་འགྲོགས་ཀྱང་དད་གུས་མེད།          །ཐ་མལ་ས་རྡོ་ཙམ་ཞིག་ཡིན་སེམས་པ།     །དུད་འགྲོ་མི་གཟུགས་ཡིན་པར་ཤེས་གྱིས་ལ།       །ཅི་ནུས་བསོད་ནམས་བསགས་ལ་འབད་པར་འཚལ།    །ཆེ་ཆུང་འབྲེལ་བ་གང་ཐོགས་དེ་ཙམ་དུ།          །གནས་སྐབས་མཐར་ཐུག་མཆོག་ཐུན་དངོས་གྲུབ་འཐོབ།   །གུ་རུའི་ཐུགས་བསྐྱེད་མཛད་པ་བསམ་མི་ཁྱབ།      །ཁྱད་པར་གདུལ་དཀའ་འདུལ་བའི་ཕྲིན་ལས་ནི། །དུས་གསུམ་སངས་རྒྱས་ཀུན་ལས་ཁྱད་འཕགས་པས།      །འདིར་སྐྱེས་མི་དང་དུད་འགྲོ་ཡན་ཆད་ཀྱང་།         །དཔལ་ཆེན་རྡོ་རྗེ་གྲོ་ལོད་གདུལ་བྱ་སྟེ།      །གསང་བའི་ལམ་ལ་སྐལ་བ་ལྡན་པར་འགྱུར།         །འདིས་ཀྱང་གནས་ཀྱི་ཡོན་ཏན་ལེགས་མཐོང་ནས།  །ཕྲིན་ལས་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག  །དགེ་ལེགས་འཕེལ།      །ཞེས་པའོ།  །དེ་ལྟར་སྔོན་སྤྱི་ལོ་༡༩༧༨ལོ་གཡས་གཡོན་ཁོ་བོ་ཛཾ་མདའ་སློབ་ཆུང་དུ་དགེ་རྒན་ལོ་ཤས་བྱས་སྐབས་གནས་འདུས་ལོ་ཞིག་དང་འཕྲད་དེ་རྫོང་སར་གནས་ཀྱི་མཐའ་སྐོར་དུ་ཕྱིན་མྱོང་།   དེ་དུས་ཁོ་བོར་སྤྱི་རིག་གནས་ཆུ་ཚད་དམའ་བ་དང་།     སྒོས་སུ་མཐོང་ཐོས་རྒྱ་ཆུང་བ། རང་རྒྱལ་དུའང་འཆར་གཞི་དཔལ་འབྱོར་ལམ་ལུགས་ཡིན་པས།   དེང་སང་ལྟ་བུ་འཁོར་ཡུག་དང་སྐྱེ་དངོས་སྲུང་སྐྱོབ་ཟེར་བའི་ཚིག་གི་སྒྲ་ཙམ་ཡང་གོ་མ་མྱོང་།   དེང་སང་འཁོར་ཡུག་ནི་དམངས་དོན་དང་།     སྔོ་ལྗོངས་ཅན་ནི་མཛེས་ཆ།    ནམ་མཁའ་སྔོན་མོ་ནི་བདེ་སྐྱིད་ཡིན་ཞེས་པ་ལྟར།   ཚང་མས་དཔྲལ་བའི་མིག་དང་།   ཁོག་གི་སྙིང་བཞིན་འཁོར་ཡུག་གི་སྐྱེ་དངོས་སྲུང་སྐྱོབ་བྱེ་བཞིན་པའི་སྐབས་འདིར་(༢༠༢༠)སྔོན་གི་འགྲོ་ལམ་དེད་དེ་སླར་ཡང་རྫོང་སར་གྱི་གནས་ནང་དུ་ཐོན་ཐུབ་པ་ལ་དགའ་སྤྲོ་ཚད་མེད་བསྐྱེད་ལ།           སྔོན་བྱོན་གྱི་ཨ་མེས་ཡང་མེས་དེ་ཚོས་ང་ཚོ་ལ་བཞག་པའི་མཛད་མེད་ཀྱི་ནོར་བུ་དེ་མུ་མཐུད་ནས་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་རྩ་བའི་འཚོ་གནས་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ།           རྩ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་།ཕྲག་སྟེང་དུ་བབ་པའི་ནུས་ཤུགས།    དོར་ཐམས་མེད་པའི་འོས་འགན་བཅས་ཡང་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1