མཚོ་སྔོན་གྱི་ཁྲིམས་ཁང་གིས་སྐད་གཉིས་ལམ་ནས་གཏུག་བཤེར་དང་འདྲི་གཅོད་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-29



    ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་12ཚེས་22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང(གཤམ་དུ་“མཚོ་སྔོན་མཐོ་རིམ་ཁྲིམས་ཁང་”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཁྲིམས་ཁང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས། སྐད་གཉིས་ལམ་ནས་གཏུག་བཤེར་བྱེད་པ་ཁྱབ་གདལ་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། བོད་རིགས་དང་སོག་རིགས་སོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་འཐུས་ཚང་བའི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱས་ཡོད། 
2020ལོའི་ཟླ་1ཚེས་1ཉིན་ནས་ད་བར། མཚོ་སྔོན་ཁྲིམས་ཁང་གིས་སྐད་གཉིས་ལམ་ནས་གྱོད་དོན་1960ལ་འདྲི་གཅོད་བྱས་ཡོད།
    མཚོ་སྔོན་ཞིང་ཆེན་དུ་གནའ་ནས་བཟུང་གྲངས་ཉུང་མི་རིགས་གཙོ་བོ་བོད་རིགས་དང་ཧུའེ་རིགས། ཧོར་རིགས། ས་ལར་རིགས། སོག་རིགས་བཅས་སྡོད་ཡོད་ཅིང་། མཚོ་སྔོན་དུ་གནའ་ནས་ཡོད་པའི་གྲངས་ཉུང་མི་རིགས་5ཡི་འདུས་སྡོད་ཁུལ་ཚང་མར་ས་ཁོངས་རང་སྐྱོང་ཁུལ་ལག་བསྟར་བྱེད་ཀྱི་ཡོད་ཅིང་། སྔ་རྗེས་སུ་རང་སྐྱོང་ཁུལ་6དང་རང་སྐྱོང་རྫོང་7བཙུགས་ཡོད་པ་དང་། དེའི་ཁྲོད་དུ་བོད་རིགས་རང་སྐྱོང་ཁུལ་5དང་སོག་རིགས་རང་སྐྱོང་ཁུལ་1ཡོད་པ་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་བསྟུད་མར་སྐད་གཉིས་ལམ་ནས་འདྲི་གཅོད་དང་གཏུག་བཤེར་བྱེད་པའི་ཞབས་ཞུ་རྒྱུན་བསྟུད་ནས་ཤུགས་ཆེན་པོས་འདོན་རྒྱུ་དང། མཚོ་སྔོན་ཁྲིམས་ཁང་གིས་བར་འདུམ་དང་ཁྲིམས་སའི་འདྲི་གཅོད་ཁྲོད་སྐད་གཉིས་ཁྲིམས་དཔོན་ནམ་ལོ་ཙཱ་སོགས་ཁྲིམས་འཛིན་གཞོགས་འདེགས་མི་སྣ་བཀོད་སྒྲིག་བྱེད་པ་དང་། ཁྲིམས་སའི་འདྲི་གཅོད་ལ་སྐད་གཉིས་(རྒྱ་བོད་སྐད་གཉིས་སམ་རྒྱ་སོག་སྐད་གཉིས)དུས་གཅིག་ཏུ་སྒྱུར་བ་ལག་བསྟར་བྱེད་ཡོད་པ་དང། གྱོད་ཐག་བཅད་ཡིག་སྐད་གཉིས་ལམ་ནས་བཟོས་པ་མ་ཟད་དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་ཡོད། དུས་མཚུངས་སུ་ཞུ་གཏུགས་ཞབས་ཞུ་ཚོམས་ཆེན་དུ་སྐད་གཉིས་(རྒྱ་བོད། རྒྱ་སོག)ཡིག་བྱང་གཅིག་གྱུར་བྱས་ཡོད་ལ། སྐད་གཉིས་ལམ་གྱི་ཞུ་གཏུགས་ལག་ཁྱེར་དེབ་ཆུང་བཟོས་ཡོད། 
   མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་《རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད》རྩོམ་སྒྲིག་བྱས་ཡོད་ཅིང་། 《རྒྱ་བོད་ཤན་སྦྱར་ཁྲིམས་འདུམ་ཡིག་རིགས་རྣམ་པ》སྒྲིག་སྒྱུར་བྱས་ནས། བོད་ཡུལ་གྱི་གྱོད་དོན་སྒྲུབ་པའི་ཁྲིམས་དཔོན་དང་ གཏུག་བཤེར་བྱེད་མཁན་ གྲངས་ཉུང་མི་རིགས་ལ་སྟབས་བདེ་སྐྲུན་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁྲིམས་ཁང་འབྲིང་བས་ད་དུང་《དམངས་དོན་ཁྲིམས་གཞུང་》རྒྱ་བོད་ཤན་སྦྱར་མ་བཟོས་ཡོད། 
   གཞན་ཡང་། མཚོ་སྔོན་མཐོ་རིམ་ཁྲིམས་ཁང་དུ་བསྟུད་མར་ལོ་བཅུ་གཉིས་ལ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྐྱོང་སྦྱོང་བརྡ་སྤེལ་ཡོད་ཅིང་། ཁྱོན་བསྡོམས་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་730གསོ་སྦྱོང་བྱས་ཡོད་པ་དང་། ཀན་སུའུ་ཁྲིམས་ཁང་ལ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་100ལྷག་གསོ་སྦྱོང་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་བོད་ཡུལ་འབྲིང་རིམ་ཁྲིམས་ཁང་དང་གཞི་རིམ་ཁྲིམས་ཁང་39རུ་ཁྲིམས་ཁང་རེ་ལ་མ་མཐའ་ཡང་སྐད་གཉིས་ཁྲིམས་དཔོན་2ཡོད་པ་བྱས་ཡོད། ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱ་ཡིག་སྐད་གཉིས་ཁྲིམས་དཔོན་63དང་། གྲངས་ཉུང་མི་རིགས་སྐད་ཡིག་དང་རྒྱ་ཡིག་སྐད་གཉིས་ཤེས་ལྡན་མི་སྣ་96ཡོད། (http://tibet.people.com.cn/15833917.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1