གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༣༠ཉིན།

བོད་རང་སྐྱོང་ལྗོངས་ཀྱི2020ལོའི་བཟོ་ཚོང་དངུལ་ཁང་བུམ་པའི་བོད་ཀྱི་མིག་མངས་ཀྱི་དགུན་ཁའི་ཚད་རིམ་འགྲན་བསྡུར་ལྷ་ས་རུ་སྤེལ་བ།

འགོ་ཚུགས་མཛད་སྒོའི་ཡུལ་དངོས། 
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས26ཉིན། བོད་རང་སྐྱོང་ལྗོངས་ཀྱི2020ལོའི་བཟོ་ཚོང་དངུལ་ཁང་བུམ་པའི་བོད་ཀྱི་མིག་མངས་ཀྱི་དགུན་ཁའི་ཚད་རིམ་འགྲན་བསྡུར་དང་རྒྱལ་ཡོངས་བོད་ཀྱི་མིག་མངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་དེ་འགྲིག་རྩེད་ཚོགས་པའི་འགྲན་བསྡུར་དང་། འགྲིག་རྩེད་སློབ་འབྲིང་གི་ཚོ་ཆུང་། འགྲིག་རྩེད་སློབ་ཆུང་གི་ཚོ་ཆུང་། མིག་མངས་ལོ་ཆུང་བྱིས་པའི་ཚོ་ཆུང་། འགྲན་རྒྱལ་ཆ་སྟེགས་འགྲན་བསྡུར་སོགས་ཀྱི་རྣམ་གྲངས་སུ་དབྱེ་བ་དང་། འགྲན་ཞུགས་པ216འགྲན་བསྡུར་ནང་ཞུགས་ཡོད་པ་རེད། 
 
འགྲན་ཞུགས་པ། 
           བོད་ཀྱི་མིག་མངས་ཀྱི་ཚད་རིམ་ལམ་ལུགས་ལག་ལེན་དུ་བསྟར་བ་དེས་གནའ་བོའི་བོད་ཀྱི་མིག་མངས་ལོ་རྒྱུས་ཐོག་ཐེངས་དང་པོར་མིག་མངས་རྩེ་མཁན་གྱི་ཆུ་ཚད་ལ་ཚད་འཇལ་བའི་བྱེད་ཐབས་ཡོད་པ་མཚོན་ལ། དེ་ནི་བོད་ཀྱི་མིག་མངས་དེ་རིག་གནས་སྲུང་སྐྱོང་ནས་རྩལ་འགྲན་ལུས་རྩལ་ཕྱོགས་སུ་བསྒྱུར་བའི་འགག་རྩའི་གོམ་སྟབས་ཤིག་རེད། ཐེངས་འདི་ནི2019ལོའི་དགུན་ཁ་དང2020ལོའི་དཔྱིད་ཁའི་རྗེས་སུ་བོད་ཀྱི་མིག་མངས་ཚད་རིམ་འགྲན་བསྡུར་སྤེལ་ཐེངས་གསུམ་པ་དེ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནི་འགྱུར་བ་སྣ་ཚོགས་ལྡན་ཞིང་ལྟད་མོ་ངོ་མཚར་ཆེ། ས་གནས་དང་གྲོང་ཁྱེར་ཁག་སོ་སོའི་བདམས་ཐོན་འཐུས་མིས་ས་གནས་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་པར་ཆེད་དུ་གདན་འདྲེན་ཞུས་པ་རེད། 
 
 འགྲན་ཞུགས་པ། 
           དེ་རྗེས་རྒྱལ་ཡོངས་ཀྱི་བོད་ཀྱི་མིག་མངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། ཆེད་མཁས་པ་དང་མཁས་པ60ལྷག་ཙམ་ཚོགས་འདུར་ཞུགས་ཏེ། 2021ལོར་བོད་ལྗོངས་སུ་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་མིག་མངས་ཡོངས་བསྒྲགས་འགྲན་བསྡུར་སྤེལ་རྒྱུའི་སྐོར་དང་། འགྲིག་རྩེད་ཡི་ཁི(奕客)སྟེགས་བུའི་ཐོག་འཇོག་རྒྱུ་དང་དེ་བཞིན་ཀྲུང་གོའི་མི་རིགས་རིག་ནུས་ལུས་རྩལ་མཐུན་ཚོགས་གྲབས་འཛུགས་བྱེད་པ་སོགས་ཀྱི་གྲོས་གཞི་གལ་ཆེན་ལ་གྲོས་བསྡུར་གཏིང་ཟབ་མོ་བྱས་པ་རེད། 
          ཉེ་བའི་ལོ་ཤས་རིང་བོད་ཀྱི་མིག་མངས་སྲུང་སྐྱོང་དང་ཁྱབ་གདལ་བྱེད་པའི་ལས་དོན་ལ་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་ཐོབ་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་དེ་ལ་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་པས། བོད་ཀྱི་མིག་མངས་སྲུང་སྐྱོང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད། བོད་ཀྱི་མིག་མངས་དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་ལྔ་པའི་ནང་ཚུད་པ་དང་། 2019ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིག་ཐོག་སྙན་ཞུ་ལེགས་པར་འགྲུབ་པ་མ་ཟད། 2019ལོར་བོད་ཀྱི་མིག་མངས་དེ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་འཁྲབ་སྟོན་ལེ་ཚན་དུ་གྱུར་པ་རེད། 
 
 འགྲན་ཞུགས་པ། 
          བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲང་ཐའོ་ཡིས་བརྗོད་དོན། “བོད་ཀྱི་མིག་མངས་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ཐད་བསམ་ཕྱོགས་གསལ་པོ་དང་དམིགས་ཡུལ་གསལ་པོ་ཞིག་གྲུབ་ཡོད་དེ། ང་ཚོས་བོད་ཀྱི་མིག་མངས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་འགྱུར་བར་བརྩོན་ལེན་བྱས་ནས། བོད་ཀྱི་མིག་མངས་དེ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སུ་དངོས་སུ་འགྲན་བསྡུར་བྱེད་པའི་རྣམ་གྲངས་ཤིག་ཏུ་འགྱུར་བར་བྱ་རྒྱུ་དང་། འགྲིག་རྩེད་ནི་རྒྱལ་སྤྱིའི་མིག་མངས་ལུས་རྩལ་གྱི་ཕུལ་བྱུང་རྣམ་གྲངས་ཤིག་ཏུ་རིམ་བཞིན་འགྱུར་བར་བྱས་ཏེ། མཐར་བོད་ཀྱི་མིག་མངས་རིག་གནས་སྲུང་སྐྱོང་ལས་དོན་དེ་ཀྲུང་གོ་དང་འཛམ་གླིང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ལས་དོན་གྱི་ཕུལ་བྱུང་དཔེ་མཚོན་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1