ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས28ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།
        རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕན་ཚུན་ལོ་གསར་ལ་འཚམས་འདྲི་ཞུས་པ་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ལོ་གསར་ཀྱི་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་བསྟན་དོན། 2020ལོ་ནི་ཀྲུང་གོ་དང་ཨུ་རི་སིའི་རྒྱལ་ཁབ་གཉིས་དང་། འཛམ་གླིང་ཡོངས་ལ་མཚོན་ན་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། པྲོག་གསར་གློ་ཚད་རིམས་ནད་དར་ཁྱབ་ཆེ་བའི་དབང་གིས་མིའི་རིགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྔ་ན་མེད་པའི་འགྲན་སློང་བྱུང་སྟེ། འཛམ་གླིང་གི་དཔལ་འབྱོར་ལ་ཕོག་ཐུག་ཚབས་ཆེན་བཟོས་ཡོད་པ་དང་། འཛམ་གླིང་ལ་གཡོ་འགུལ་ཐེབས་པའི་འཕོ་འགྱུར་གྱི་དུས་སྐབས་སུ་སླེབས་པ་རེད།  ཉེན་ཁ་ཆེ་བའི་དུས་སུ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཐུན་མིན་གྱི་བཟང་ཆ་དང་རིན་ཐང་རྩ་ཆེན་འབུར་དུ་ཐོན་པ་རེད། ཕྱོགས་གཉིས་ཀྱིས་སོ་སྲུང་རོགས་རེས་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་བྱས་པ་དེས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་མུ་མཐུད་དུ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་དང་མཛའ་མཐུན་ཡོང་བ་མཚོན་ཡོད། རྒྱལ་ཁབ་གཉིས་པོས་ཧུར་ཐག་གིས་རྒྱལ་སྤྱིའི་རིམས་ནད་འགོག་པའི་མཉམ་ལས་ལ་སྣེ་ཁྲིད་དེ། ཐུན་མོང་གིས“རྒྱུད་གཅིག་ལམ་གཅིག”དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་བྱེད་པར་བདེ་བླག་ངང་སྐུལ་འདེད་བཏང་ནས། མཉམ་དུ་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་ནང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བའི་གཞོམ་མེད་བྲག་རི་ལྟ་བུར་གྱུར་ཡོད་ཅེས་བསྟན།
        ཕུའུ་ཅིན་གྱིས་བཤད་རྒྱུར། ད་ལོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནའང་། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད་ཅིང་། ཕྱོགས་གཉིས་ཀས་ཕན་ཚུན་རིམས་ནད་འགོག་པར་རྒྱབ་སྐྱོར་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། སང་ལོ་ཕྱོགས་གཉིས་ཀྱིས་ཐུན་མོང་གིས《ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ20འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། འདི་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། ངས་ཁྱེད་དང་མཉམ་དུ་མུ་མཐུད་དུ་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་བར་ཀྱི་འབྲེལ་བ་དེ་ལོ་གསར་པའི་ནང་འཕེལ་རྒྱས་གསར་པ་ཡོང་བར་འགན་ལེན་ཏན་ཏིག་བྱེད་འདོད་ཡོད།  ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་ཕན་ཚུན་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྒྱབ་སྐྱོར་བརྟན་པོ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐབ་ཇུས་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་བྱས་ནས་འཛམ་གླིང་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས། 
        རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མུ་མཐུད་དུ་བྱེད་ཐབས་སྣ་མང་བརྒྱུད་དེ་དུས་རྒྱུན་རང་བཞིན་གྱི་འབྲེལ་བ་སྲུང་འཛིན་བྱེད་པར་འཐད་པ་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1