འབའ་ཐང་ཆུ་ཤུགས་གློག་འདོན་ས་ཚིགས་སུ་བཞུར་ཆུ་འགོག་ཐུབ་པ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-31



          ཟླ12པའི་ཚེས28ཉིན། འབྲི་ཆུའི་སྟོད་རྒྱུད་ཀྱི་ཁྲོན་བོད་དུམ་མཚམས་ཀྱི་འབའ་ཐང་གློག་འདོན་ས་ཚིགས་སུ་ཆུ་བོའི་བཞུར་རྒྱུན་འགོག་ཐུབ་པ་བྱུང་ལ། དེས་འབའ་ཐང་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱི་ལས་གྲྭ་གཙོ་བོ་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་མཚོན་ཡོད། 

          འབའ་ཐང་ཆུ་ཤུགས་གློག་འདོན་ས་ཚིགས་ནི་བོད་ལྗོངས་སྨར་ཁམས་རྫོང་དང་སི་ཁྲོན་འབའ་ཐང་རྫོང་གི་འབྲེལ་མཚམས་སུ་ཡོད། དེ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་རྒྱུན་མཐུད་ནུས་ཁུངས་ཀྱི་རྟེན་གཞི་དང་རྒྱལ་ཁབ་ལྷོ་ནུབ་ཆུ་གློག་རྟེན་གཞི་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭ་ཞིག་རེད། ཆུ་ཤུགས་གློག་འདོན་ས་ཚིགས་དེར་གློག་གཏོང་ཚད་སྟོང་ཝ་ཁྲི25ཟིན་པའི་ཆུ་ཤུགས་གློག་གཏོང་འཕྲུལ་ཆས་སྐོར་ཁག3སྒྲིག་སྦྱོར་བྱས་ཡོད་ལ། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཡོངས་ཀྱིས་བསྡོམས་འབོར་གློག་སྟོང་ཝ་ཁྲི75གཏོང་ཐུབ་པ་རེད། 

          ཨན་ནེང་ཚོགས་པའི(安能集团)འབའ་ཐང་རྣམ་གྲངས་ཀྱི་སྤྱི་གཉེར་བ་ཡུས་ཀོང་པིན་གྱིས་བརྗོད་དོན། “ང་ཚོ་ཀྲུང་གོ་ཨན་ནེང་གིས་དུས་ཡུན་ཧ་ཅང་ཐུང་ངུའི་ནང་མི215སྐོང་འཐེན་བྱས་པ་དང་། དུས་ཡུན་ཐུང་ངུའི་ནང་རྡོ་ཧྲུག་ཧྥང་ཁྲི30ལྷག་ཙམ་གྲ་སྒྲིག་བྱས་ཡོད་ལ། བཞུར་ཆུ་འགོག་བྱེད་ཀྱི་རྡོ་དང་། ཨར་འདམ། ལྕགས་དྲ་བཅས་ཧྥང་ཁྲི3ལྷག་ཡོད་པས། ང་ཚོས་བཞུར་ཆུ་འགོག་པའི་ལས་དོན་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད”ཅེས་ངོ་སྤྲོད་གནང་བ་རེད། 
          འབའ་ཐང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཇུས་འགོད་པ་གཞོན་པ་ཐེན་དབྱིང་ཧུའེ་ཡིས་བརྗོད་དོན། “དེ་རིང་འབའ་ཐང་གློག་འདོན་ས་ཚིགས་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་རིམ་པ་ཁག་གི་སྲིད་གཞུང་གི་མཛུབ་ཁྲིད་དང་ཐུགས་ཁུར་འོག་དུས་བཀག་ལྟར་འབའ་ཐང་གློག་འདོན་ས་ཚིགས་སུ་བཞུར་ཆུ་འགོག་པའི་དམིགས་ཚད་ལག་ལེན་བསྟར་ཐུབ་པ་བྱུང་ཡོད། འབའ་ཐང་གློག་འདོན་ས་ཚིགས་གསར་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ང་ཚོས་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སྤུས་དག་ལས་གྲྭ་གསར་གཏོད་ཀྱི་འདུ་ཤེས་སྔ་ཕྱི་བར་གསུམ་དུ་ལག་བསྟར་བྱས་པ་ཡིན”ཞེས་བརྗོད་བྱུང་། 
          ཤེས་རྟོགས་བྱུང་བར་གཞིགས་ན། འབའ་ཐང་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱིས་2023ལོའི་ཟླ5པར་འཕྲུལ་ཆས་སྐོར་ཁག་དང་པོ་ནས་གློག་གཏོང་འགོ་རྩོམ་རྒྱུ་ཡིན་པ་རེད། གློག་ཁང་བཙུགས་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི105གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་ཚད་ཏུན་ཁྲི315ཉུང་དུ་གཏོང་ཐུབ། གློག་འདོན་ས་ཚིགས་བསྐྲུན་པ་དེས་ས་གནས་ཀྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ། ས་གནས་དེ་གའི་སྤྱི་ཚོགས་ཡུན་རིང་བདེ་འགོད་དང་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1