ཁྲེན་ཏུའུ་རུ་བོད་ཀྱི་དམངས་གཞས་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-31



        ཉེ་ཆར། སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་དེ་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཧྥན་མུའུ་ཁྲོན་ཡུས་ཁུལ་མགྲོན་ཚོམས་སུ་གཟབ་རྒྱས་ངང་འཚོགས།
        ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་དམངས་སྲིད་ཐིང་། མི་རིགས་རོལ་དབྱངས་དཔེ་སྟོན་ཁེ་ལས། བོད་ཀྱི་རོལ་དབྱངས་ལས་རིགས་ཆེད་མཁས་པ་སོགས་ཆེད་དུ་གདན་འདྲེན་ཞུས་ཏེ་ཚོགས་འདུ་རུ་ཞུགས་པ་དང་། ཁོ་ཚོ་མཉམ་གཅིག་ཏུ་སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་དེ་དངོས་སུ་འཛུགས་པར་བདེན་དཔང་བྱས་ཡོད།
        བོད་ཀྱི་དམངས་གཞས་ནི་གཏིང་ཟབ་པའི་བསམ་བློ་རང་བཞིན་དང་ཅུང་མཐོ་བའི་སྒྱུ་རྩལ་རང་བཞིན་ལྡན་པའི་སྲོལ་རྒྱུན་གྱི་རོལ་དབྱངས་ཤིག་ཡིན། བོད་མི་རིགས་ནི་གླུ་ལེན་བྲོ་གར་ལ་དགའ་ཞིང་རྣམ་པ་འདྲ་མིན་སྣ་ཚོགས་དང་། ཉམས་འགྱུར་ཐུན་མོང་མ་ཡིན་པ་བཅས་ནང་དོན་ཕུན་སུམ་ཚོགས་པའི་དམངས་ཁྲོད་རོལ་དབྱངས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན། དུས་ཡུན་རིང་བའི་ལོ་རྒྱུས་འཕེལ་རིམ་གྱི་ཁྲོད་དུ་མཉམ་འདྲེས་དང་གསར་གཏོད་བྱས་པ་བརྒྱུད་ནས་བོད་མི་རིགས་ཐུན་མིན་གྱི་དམངས་ཁྲོད་སྒྱུ་རྩལ་ཞིག་ཏུ་ཆགས་ཏེ། ལོ་རྒྱུས་དང་འཚོ་བ་མཚོན་བྱེད་ཀྱི་རི་མོ་ལྟ་བུ་ཞིག་ཡིན་པ་དང་། བོད་མི་རིགས་ཀྱི་སྒྱུ་རྩལ་ཁྲོད་ཀྱི་གཅེས་ནོར་ཉག་གཅིག་ཡིན། བོད་ཀྱི་དམངས་གཞས་དར་སྤེལ་དང་རྒྱུད་འཛིན་གཏོང་སྟེ་རྒྱུན་མཐུད་འཕེལ་རྒྱས་ཇེ་ལེགས་སུ་ཡོང་ཕྱིར། དེ་ནི་བོད་ཀྱི་དམངས་གཞས་ལ་དགའ་ཞེན་ཡོད་མཁན་མི་ཉུང་བ་ཞིག་གི་གཏན་གྱི་འདུན་མ་བཞིན་ཡིད་ལ་བཅངས་ཡོད་ལ། འདི་ནི་ངེད་སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་ཀྱི་ཐོག་མའི་བསམ་འདུན་ཡང་ཡིན།
        རྒྱུས་ལོན་ལྟར་ན། སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་ནི་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཆོག་མཆན་གནང་སྟེ་ཞིང་ཆེན་ལས་ཆེས་ཐོག་མར་ཐོབ་པའི་རྩེ་གཅིག་གིས་བོད་ཀྱི་དམངས་གཞས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དྲང་ཕྱོགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཚོགས་པ་ཞིག་ཡིན་པར་གྲགས། དེ་ནི་བོད་ཀྱི་དམངས་གཞས་རིག་གནས་སྔོག་འདོན་སྲུང་སྐྱོང་དང་བོད་ཀྱི་སྒྱུ་རྩལ་ཁྱབ་སྤེལ་རྒྱུད་འཛིན་བྱ་རྒྱུ་དེ་གཉིས་གཞི་འཛིན་ས་བྱས་ཤིང་། ཧུར་ཐག་གིས་བོད་ཀྱི་དམངས་གཞས་ཞིབ་འཇུག་བགྲོ་གླེང་སྤེལ་བ་དང་། རྒྱལ་ཡོངས་བོད་ཀྱི་དམངས་གཞས་ཞེས་པའི་མཚན་སྙན་གྲགས་ཅན་དུ་བསྐྲུན་རྒྱུ་དེ་དམིགས་ཡུལ་གཙོ་བོར་བཟུང་སྟེ། མི་རིགས་རོལ་དབྱངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཡིན་ཟེར།
        ཚོགས་ཐོག་ཏུ། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ཁྲུའུ་དང་སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་འབྲེལ་གཏུག་ཁྲུའུ་ཡི་མགོ་གཙོ་ཝའུ་སྤེན(吴彬)སོ་སོས«སྤྱི་ཚོགས་རྩ་འཛུགས་ཀྱི་མིང་འགོད་སྔོན་འགྲོའི་བརྡ་ཡིག»དང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་འཛུགས་ཆོག་པའི་མཛུབ་སྟོན་ཡིག་ཆ་ཁྱབ་བསྒྲགས་བྱས། དེའི་འཕྲོར་ཚོགས་མི་རྣམས་ཀྱིས་སྒྲིག་ཡིག་ཆ་ཚང་ཀློག་སྦྱོང་དང་གྲོས་འཆམ་བྱས་པ་བརྒྱུད། མཐར་སྐབས་དང་པོའི་ལས་འཛིན་དང་ཚོགས་དཔོན་གཞོན་པ། དྲུང་ཡིག་པ་དང་ཚོགས་དཔོན་སོགས་བདམས་ཐོན་བྱུང་བ་སྟེ། གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་པའམ་བོད་ཀྱི་དམངས་གཞས་རྒྱུད་འཛིན་པ་གྲགས་ཅན་བཀྲ་ཤིས་ཉི་མ་ལགས་ཚོགས་དཔོན་དང་། བོད་ཀྱི་གཞས་པ་གྲགས་ཅན་བོད་ཀྱི་དར་ཁྱབ་ཆེ་བའི་རོལ་དབྱངས་གསར་སྤེལ་བ་ཡར་དུང་ལགས་ནི་མཚན་འཛིན་ཚོགས་དཔོན། རྒྱལ་རིམ་དང་པོའི་གཞས་གདངས་རྩོམ་མཁན་ཆོས་རྒྱལ་མཚོ་ལགས་ནི་ཚོགས་དཔོན་གཞོན་པ་རུ་བདམས་ཐོན་བྱུང་།
        བཀྲ་ཤིས་ཉི་མས་བཤད་རྒྱུར། བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་དམངས་གཞས་དར་སྤེལ་ལེགས་པོར་ཡོང་ཕྱིར། འདིར་གྲ་སྒྲིག་ལས་ཀ་དུས་ཡུན་རིང་པོ་བྱས་ཡོད། འགན་ནུས་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ཀྱི་རྒྱབ་སྐྱོར་འོག་ཏུ། ད་ལྟ་སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་དངོས་སུ་བཙུགས་སོང་། སླད་ཕྱིན། ང་ཚོས་ཧུར་ཐག་གིས་ཞིབ་འཇུག་བགྲོ་གླེང་བྱེད་སྒོ་སྤེལ་རྒྱུ་དང་། བོད་ཀྱི་དམངས་གཞས་རིག་གནས་སྔོག་འདོན་བྱས་ཏེ་དམངས་གཞས་ཀྱི་ཚོང་ར་ཇེ་ལེགས་སུ་གཏོང་ཐུབ་པར་བྱ་དགོས། མ་འོངས་པར་ང་ཚོས་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་འདི་འབོད་སྐུལ་གྱི་ནུས་པ་དང་གོང་བུར་འགྲིལ་ཤུགས་ཀྱི་ནུས་པ་ལྡན་པའི་རྩ་འཛུགས་ཤིག་ཏུ་བསྐྲུན་རྒྱུ་ཡིན་ཟེར།
        ཚོགས་འདུར་ཞིང་ཆེན་དམངས་སྲིད་ཐིན་གཙོ་བྱས་པའི་འགོ་ཁྲིད་ཀྱི་ལྟ་སྐུལ་མཛུབ་སྟོན་འོག་ཏུ་ཡོངས་སུ་ལེགས་གྲུབ་བྱུང་སོང་། འདི་ལྟར་ཆེད་ལས་ལྡན་པ་མ་ཟད་སེམས་ཤུགས་གོང་བུ་གཅིག་འགྲིལ་གྱི་རྩ་འཛུགས་འཛོམས་ཚེ། བོད་ཀྱི་དམངས་གཞས་ཤུལ་བཞག་རིག་གནས་འདི་སྲུང་སྐྱོང་དང་རྒྱུད་འཛིན་ཇེ་ལེགས་ཡོང་ངེས་ཡིན་པ་དང་། སྤྱི་ཚོགས་ཐོག་ཏུ་རོལ་དབྱངས་སྒྱུ་རྩལ་ཁྱད་པར་བ་འདི་ལ་དགའ་ཞེན་ཆེ་བའི་མི་ཇེ་མང་དུ་འཕེལ་ནས་ཚོང་ར་རྒྱ་ཇེ་ཆེ་རུ་གཏོང་པར་ཡིད་ཆེས་བརྟན་པོ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1