སི་ཁྲོན་ཞིང་ཆེན་གྱི་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-05



        གསར་འགོད་པས་སི་ཁྲོན་འགྲིམ་འགྲུལ་མ་འཇོག་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཟླ12པའི་ཚེས31ཉིན་དངོས་སུ་ཤར་གཏོང་བྱུང་བ་རེད། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་འབར་ཁམས་ནས་ཁྲིན་ཏུའུ་བར་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ནས་ཁྲིན་ཏུའུ་གྲོང་ཁྱེར་ནས་དུས་ཚོད3.5ལམ་ཐག་གི་དཔལ་འབྱོར་ཚོགས་པའི་ནང་ཞུགས་པ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ21གི་སྲིད་གཞུང་གནས་ཡུལ་ནས་ཁྲིན་ཏུའུ་བར་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་མངོན་འགྱུར་བྱུང་བ་རེད། 


        ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་མ་འཇོག་ཚོགས་པས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་དང་རིང་ཚད་ལ་སྤྱི་ལེ172ཡོད་ཅིང་། ཝུན་ཁྲོན་རྫོང་མཁར་གྱི་ལྷོ་ཕྱོགས་ནས་འགོ་ཚུགས་ཏེ་འབར་ཁམས་གྲོང་ཁྱེར་གྱི་ཤར་ཕྱོགས་བར་ཡིན། ལས་གཞི་འདི2015ལོར་འགོ་བརྩམས་ནས་འཛུགས་སྐྲུན་བྱས་པ་ཡིན་ལ། རགས་རྩིས་བྱས་པ་ལྟར་ན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར287བཏང་ཡོད། ལམ་ཐིག་ཡོངས་སུ་ཕྱོགས་གཉིས་སུ་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་དུས་ཚོད་རེའི་མྱུར་ཚད་སྤྱི་ལེ80ཇུས་འགོད་བྱས་ཡོད། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་ཞིང་ཆེན་གྱིས་བསྐྲུན་ཟིན་པའི་མྱུར་བགྲོད་གཞུང་ལམ་ནང་ལམ་ཐག་རིང་ཤོས་དང་ཟམ་པའི་ཕུག་ལམ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་རེད།
        གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་དེ་བསྐྲུན་རྗེས་ཁྲིན་ཏུའུ་ཡི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ནས་འགོ་བཙུགས་ཏེ་དུས་ཚོད3.5ཙམ་ལ་རྔ་བ་ཁུལ་གྱི་འབར་ཁམས་གྲོང་ཁྱེར་དུ་སླེབས་པ་རེད། དེ་ནི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་རྗེས་ཀྱི་བོད་རིགས་ས་ཁུལ་དང་འབྲེལ་བ་ཡོད་པའི་མྱུར་བགྲོད་གཞུང་ལམ་གཉིས་པ་དང་། སི་ཁྲོན་གྱིས་ནུབ་ཕྱོགས་ཀྱི་བོད་ལྗོངས་དང་། མཚོ་སྔོན། ཞིན་ཅང་བཅས་སུ་སྦྲེལ་མཐུད་བྱེད་པའི་མྱུར་བགྲོད་གཞུང་ལམ་ཞིག་ཀྱང་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1