གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༠༦ཉིན།

ཀླེ་གཞུག་གྲོང་ཚོ་རི་སྒང་ནས་སྤོས་ཏེ་“ཆུ་སྣུམ་ལས་དཀོན་པའི་”ལོ་རྒྱུས་མཇུག་བསྒྲིལ་བ།


   དེ་སྔའི་ཀླེ་གཞུག་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཤང་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་3100ལྷག་ཙམ་ཟིན་ཞིང་། རང་བྱུང་ཆ་རྐྱེན་ཞན་པས་གྲོང་མིའི་ཐོན་སྐྱེད་ནི་རོང་མ་འབྲོག་གཙོ་བོ་རེད། དེ་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་79སྟེ་མི་331གི་ཁྲོད་དུ་དུད་ཚང་34སྟེ་མི་126ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན།
   2017ལོའི་ཟླ་5ཚེས་11ཉིན། དབུལ་སྐྱོར་ཧྲུའུ་ཅི་དང་པོ་ལི་ཡུས་ཏུང་ཀླེ་གཞུག་གྲོང་ཚོར་སླེབས་དུས་གང་ས་གང་དུ་དབུལ་ཕོངས་ཀྱི་རྣམ་པ་མངོན་འདུག་ཟེར། 
   ཀླེ་གཞུག་གྲོང་ཚོ་ནི་རི་རྩེ་དང་རི་ལྡེབས་སུ་གནས་ཤིང་། གྲོང་ཚོའི་ཆུ་མིག་འབའ་ཞིག་དེ་ནི་རི་འདབས་སུ་ཡོད་པས། འཐུང་ཆུ་ནི་གནད་དོན་ཆེ་ཤོས་དེ་རེད། “གྲོང་མི་ཚོས་ཉིན་ལྟར་ཞོགས་པ་ཆུ་ཚོད་4ཙམ་ནས་ཡར་ལངས་ཏེ་ཤིང་ཟོམ་ཁུར་ནས་རི་འདབ་དུ་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། རྗེས་སུ་བྱ་ཐབས་སྤྱད་དེ་རི་རྐེད་ནས་གློག་སྒུལ་འཕྲུལ་ཆས་སྤྱད་དེ་ཆུ་འཐེན་ཀྱི་ཡོད། ཡིན་ན་ཡང་དགུན་དུས་སུ་ཆུ་འཁྱགས་སུ་གྱུར་ནས་ཆུ་བླངས་མ་ཐུབ་པ་རེད”ཅེས་་ལི་ཡུས་ཏུང་གིས་བཤད།
“སྐབས་དེ་དུས་བོང་བུ་གཅིག་གིས་ཆུ་ཟོ་ཆེན་པོ་གཉིས་དབོར་ཐུབ་ཀྱི་ཡོད། རི་ནས་ཆུ་ཚོད་གཉིས་ཙམ་བབས་དགོས་པ་དང་་རི་འཛེག་གི་དུས་ཚོད་དེ་བས་རིང་བ་ཡོད། ཆར་པ་ཆེན་པོ་བབས་སྐབས་དཀའ་ཚེགས་ཆེན་པོ་ཡོད། བོང་བུ་དང་མི་གཉིས་འདམ་གྱི་ལམ་བུའི་ཐོག་ཏུ་འགྱེལ་ནས་ཆུ་ཟོ་ནི་གང་སར་འགྲིལ་གྱི་ཡོད”ཅེས་ཚེ་བརྟན་གྱིས་མིག་ཆུ་འཁོར་བཞིན་རྣམ་པ་དེ་བཤད་ཀྱི་ཡོད།  
   གྲོང་ཚོའི་ནང་ཆུ་ཧ་ཅང་དཀོན་པ་དང་། གྲོང་ཚོར་སྐྱོད་སའི་འགྲོ་ལམ་གྱི་ས་བབ་གཡང་གཟར་ཆེ་བ། གསོ་ཚགས་ལས་རིགས་ཚད་ལོངས་ལ་ཉེ་བ་སོགས་འཚོ་གནས་ཀྱི་འགྲན་སློང་དང་སྣོད་བཅུད་ཀྱི་དཀའ་གནད་འཕྲད་ནས་ཀླེ་གཞུག་གྲོང་ཚོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མུ་མཐུད་རྒྱུན་འཁྱོངས་མི་ཐུབ་པས་གྲོང་ཚོ་ཧྲིལ་པོ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལམ་བུར་སྐྱོད་པའི་དུས་ལ་འཁེལ་ཡོད་པ་རེད།
   2018ལོར། “ས་ཆ་དེ་གའི་ས་ཆུས་ས་ཆ་དེ་གའི་མི་གསོ་མི་ཐུབ་པའི་”དོན་དངོས་ཐག་གཅོད་བྱེད་ཆེད། “རི་སྟེང་གི་གནད་དོན་རི་འོག་ཏུ་ཐག་གཅོད་བྱེད་པའི”ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བསམ་ཕྱོགས་གཞིར་བཟུང་། གཅན་ཚ་རྫོང་སྲིད་གཞུང་གིས་འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཆར་འགོད་བྱས་པ་དང་ཚད་གཞི་མཐོ་པོའི་ཐོག་ནས་ཀླེ་གཞུག་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་བཙུགས་ཏེ། གྲོང་མི་ཚོ་འཕེལ་རྒྱས་གཏོང་རྒྱུར་མི་འཚམ་པའི་རི་ཁུལ་དུ་འཚོ་གནས་ཀྱི་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་བར་མཐོངས་བལྟོས་བཅས་ཀྱིས་ཅུང་ལེགས་པའི་རྨ་ཆུའི་ངོགས་སུ་གནས་སྤོ་བྱས་པ་རེད།
   2019ལོའི་ཟླ་1ཚེས་7ཉིན་ཀླེ་གཞུག་གྲོང་ཚོའི་གནས་སྤོ་བྱ་ཡུལ་དུ་ཚོན་ཁྲ་ཅན་གྱི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ་དང་ཤོག་སྦག་གི་སྒྲས་ཁེངས་ཤིང་། ཞིང་འབྲོག་མང་ཚོགས་དུད་ཚང་99སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་རྨ་ཆུའི་ངོགས་ཀྱི་སྡོད་ཁང་གསར་པར་སྤོས་པ་རེད། “ཁྱིམ་ཚང་ཚང་མར་རང་འབབ་ཆུ་ཡོད་མོད། ངའི་ཨ་མས་སྤྱོད་མཁས་གང་ཐུབ་བྱས་ནས་ཁོང་གི་བསམ་པར་ཉིན་ཁ་ཤས་སོང་རྗེས་ཆུ་ཆད་འགྲོ་བའི་སེམས་ཁྲལ་བྱེད་ཀྱི་འདུག”ཅེས་ཚེ་བརྟན་གྱི་བཟའ་ཟླ་ཆོས་སྐྱིད་ཀྱི་ལག་ཏུ་བཀྲུས་ཚར་བའི་གྱོན་ཆས་འགའ་འཁྱེར་ནས་ཡོད་པ་དང་། སྒོ་རའི་ནང་གི་གོས་འཁྲུད་འཕྲུལ་འཁོར་ལས་སྐད་སྒྲ་ལྷང་ལྷང་གྲགས།
   2020ལོར་གཅན་ཚ་རྫོང་གིས་ནོར་སྲིད་ཐོག་ནས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་1300བཏང་ནས་ཀླེ་གཞུག་གྲོང་ཚོའི་སྤྲོ་གསེང་རྐང་ཐང་ལམ་ཐང་ཆེན་དང་།མཛེས་ལྗོངས་ཐང་ཆེན།ཉི་འོད་བྱེ་ཐང་།ཉ་འཛིན་ལས་སྟེགས།སྔོག་འཐུ་ཁུལ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཡོད། “རྨ་ཆུའི་དུད་ཚང་ཞག་སྡོད་གྲོང་ཚོ་དང་པོ་བསྐྲུན་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན་ལ། ཡུལ་སྐོར་དབུལ་སྐྱོར་འཕེལ་རྒྱས་བཏང་སྟེ་ལས་ཞུགས་འབབ་འཕར་གྱི་ལམ་བུ་གསར་པའི་ཐོག་སྐྱོད་དགོས”ཅེས་གཅན་ཚ་རྫོང་གི་རྫོང་དཔོན་གཞོན་པ་ཧའེ་དབྱང་གིས་བཤད་ཅིང་། 
   “གནས་སྤོས་ཡོང་རྗེས་མྱུར་བགྲོད་གཞུང་ལམ་སོ་སོའི་འགྲམ་དུ་ཡོད་པས་ན་གཞོན་ཚོ་ཕྱིར་གླ་པར་སྐྱོད་སྐབས་སྟབས་བདེ་རུ་ཕྱིན་ཡོད”ཅེས་མུ་མཐུད་ནས་བཤད། ལོ་25ཡིན་པའི་ཚེ་དཔལ་རྒྱལ་དང་བཟའ་ཟླ་གཉིས་ནི་ཧུའུ་ནན་གྱི་གློག་རྡུལ་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་དང་ཟླ་རེར་གླ་ཆ་སྒོར་5000ལྷག་ཙམ་ཡོད། “ཀླེ་གཞུག་གྲོང་ཚོའི་དུད་ཚང་ཞག་སྡོད་ཡུལ་སྐོར་འཕེལ་རྒྱས་བྱུང་སྐབས་ང་ཚོས་རང་ཁྱིམ་གྱི་སྒོ་འགྲམ་དུ་གླ་རྒྱུག་ཐུབ་ཀྱི་རེད”ཅེས་བཤད་པ་དང་།“རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་པས་མ་མཐའི་འཚོ་བ་འགན་ལེན་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་སོགས་ཀྱི་ཁ་གསབ་སྲིད་ཇུས་ཚང་མ་ལོངས་སྤྱོད་ཐུབ་ཡོད། ད་ཆ་ང་ཚོ་དབུལ་སྒྲོལ་ཐུབ་པ་བྱེད་པའི་དུས་ལ་སླེབས་ཤིང་། སླད་ཕྱིན་དེ་བས་ལེགས་པའི་སྲིད་ཇུས་ཡོད་ཚེ་དུད་ཚང་དབུལ་པོ་དང་དུད་ཚང་དབུལ་པོ་མིན་པས་མཉམ་དུ་སྲིད་ཇུས་དེ་དག་ལོངས་སྤྱོད་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་ལ་བརྟེན་ནས་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས”ཅེས་བཤད། ཚེ་བརྟན་ཁྱིམ་གྱི་སྡོད་ཁང་བསྐྲུན་ཟིན་ནས་ཤིང་བཟོ་ཚོས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་བཟོ་བཞིན་འདུག(http://tibet.people.com.cn/15834399.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1